ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེནགྱི་མཚོ་སྔོན་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་ཐོག་མའི་ཕན་འབྲས་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན《རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཕྱི་ཤོག་དཀར་པོའི་དེབ(2019)》(གཤམ་དུ《ཕྱི་ཤོག་དཀར་པོའི་དེབ》ཅེས་བསྡུ་རྒྱུ)ཟི་ལིང་དུ་ཁྱབ་བསྒྲགས་བྱས་པ་དང་། ཕྱི་ཤོག་དཀར་པོའི་དེབ་ལས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་ཡོད་པ་རེད།

མདོ་དབུས་མཐོ་སྒང་དུ་གནས་པའི་མཚོ་སྔོན་གྱི་ལྷོ་ངོས་སུ“ཀྲུང་ཧྭའི་ཆུ་མཛོད”རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡོད་པ་དང་། བྱང་ངོས་ནི“ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན”མདོ་ལ་རི་བོ་ཡིན་ལ། བྱང་ཤར་ནི“ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་”མཚོ་སྔོན་པོ་ཡིན་པ་མ་ཟད། ནུབ་རྒྱུད་དུ“རི་བོ་ཁྲི་ཡི་མེས་པོ”སྟེ་ཁུ་ནུ་རི་བོ་དང་། འཛམ་གླིང་རང་བྱུང་ཤུལ་བཞག་ཨ་ཆེན་གངས་རྒྱབ། ཀྲུང་གོའི“གཏེར་མཛོད”ཚྭ་འདམ་གཤོངས་ས་བཅས་ཡོད་པས། མིག་སྔར་མཚོ་སྔོན་ཡང་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གཉིས(རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང)སྒྲིག་གཞིའི་ཚོད་ལྟའི་ལས་འགན་འཁུར་བའི་ཞིང་ཆེན་ཐོག་མ་རུ་གྱུར་ཡོད།

《ཕྱི་ཤོག་དཀར་པོའི་དེབ》ནང་མིག་སྔར་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང2ཀྱི་སྒྲིག་གཞིའི་ཚོད་ལྟ་དང་། རང་བྱུང་སྲུང་སྐྱོང་ཁུལ11།  ཆུ་ཐོན་སོན་འདེབས་ནུས་ཁུངས་སྲུང་སྐྱོང་ཁུལ14བཅས་དང་དེ་བཞིན་ནགས་ཚལ་སྤྱི་གླིང་དང་། ན་འདམ་སྤྱི་གླིང་། བྱེ་ཐང་སྤྱི་གླིང་སོགས་ཚུད་པའི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ109ཡོད་པས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གྲུ་ཁྲི26.58ཟིན་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་མངའ་ཁོངས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི36.8%བཟུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མཚོ་སྔོན་པོ། མདོ་ལ་རིང་མོ། ཚྭ་འདམ་གཤོང་ས། ཙོང་ཆུ་རྒྱུག་ཁུལ་སོགས་སྐྱེ་ཁམས་ཁུལ་ཚུད་ཡོད་པ་དང་དེ་ནི་མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྒྲིག་གཞིའི་རྨང་གཞི་ཞིག་ཀྱང་རེད།

《ཕྱི་ཤོག་དཀར་པོའི་དེབ》གཞིར་བཟུང་། མིག་སྔར་མཚོ་སྔོན་གྱིས་ཁྲིམས་ལྟར་དང་། ལྗང་མདོག བློ་གྲོས། ཚན་རིག་སོགས་རྒྱལ་ཁབ་སྤྱི་གླིང་ཆེན་པོ9འཛུགས་སྐྲུན་གྱི་འདུ་ཤེས་གཏན་འཁེལ་བྱས་པ་དང་། དེ་བཞིན་སྣ་མང་མ་འཇོག་དང་། ཚན་རྩལ་འདེགས་སྐྱོར། སྤྱི་དམངས་མཉམ་ཞུགས། མཉམ་ལས་སྤེལ་རེས། སྡེ་ཁུལ་གྱིས་མཉམ་སྐྱོང་སོགས་རྒྱལ་ཁབ་སྤྱི་གླིང15འཛུགས་སྐྲུན་དོ་དམ་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པའི་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་སྟངས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

གཞན་ཡང་། 《ཕྱི་ཤོག་དཀར་པོའི་དེབ》ནང་ད་དུང་མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་སྲུང་སྐྱོང་སླར་གསོ་བྱ་རྒྱུ་ལྟེ་བར་བྱས་ཏེ་ནགས་ཚལ་དང་། རྩྭ་ཐང་། ན་འདམ། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད57.2%བར་མཐོ་རུ་ཕྱིན་པ་དང་། ནགས་ཚལ་ཁེབས་ཚད7.26%བར་མཐོ་རུ་ཕྱིན་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ན་འདམ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི5ཙམ་བར་མང་དུ་ཕྱིན་ཡོད། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི319.38ཆེ་རུ་ཕྱིན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ན་འདམ་རྒྱ་ཁྱོན་གྱིས་མུའུ་དུང་ཕྱུར1.22ཟིན་པས་ཀྲུང་གོའི་ཨང་དང་པོར་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།