མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་ཞིག་གསར་སྣོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་ཐུན་ཏེའི་གཙང་གི་མཚལ་མདོག་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཞེས་པའི་ཆོ་ལོ་གནང་བ་དང་། དེ་བས་མཚོ་སྔོན་ཞིང་ཆེན་ལ་དངོས་སུ་མིང་བཏགས་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང11ལ་འཕར་ཡོད། 

མཚོ་སྔོན་གཙང་གི་མཚལ་མདོག་ས་གཤིས་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཤང་དང་ཞོལ་མ་ཤང་དུ་གནས་ཤིང་། མཚོ་བོད་མཐོ་སྒང་གི་བྱང་ཤར་མཚམས་སུ་གནས་པའི་མདོ་ལ་དང་། ཆིན་ལིང་ནུབ་མ། ཁུ་ནུ་ཤར་མ་བཅས་རི་ཁུལ་གསུམ་གྱི་མཚམས་སུ་གནས་ཡོད་པ་དང་། སྤྱི་གླིང་ནང་ས་གཤིས་རྗེས་ཤུལ་ཁུལ་96ཡོད། དེའི་ནང་བརྗིད་ཉམས་ལྡན་པའི་ས་མཐོའི་ཏན་ཞ་ས་དབྱིབས་མཛེས་ལྗོངས་གཙོ་བོར་བྱས་ནས་འཁྱགས་རོམ་རྗེས་ཤུལ་གྱི་མཛེས་ལྗོངས་དང་། རྨ་ཆུའི་གྲོག་རོང་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་པའི་ཏན་ཞ་བྲག་ལྡེབས་དང་། གྲོག་རོང་། གངས་རི། འཁྱགས་རོམ་རྗེས་ཤུལ་བཅས་ཡོད་པ་དང་། དེར་མཐོ་སྒང་གི་འབྲོག་ཁུལདང་མི་ཆོས་རིག་གནས་སོགས་མི་དང་རང་བྱུང་གཉིས་འཆམ་མཐུན་གྱི་གནས་པའི་རང་བྱུང་ཁམས་ཞིག་བསྐྲུན་ཡོད། 

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ལས་ཁུངས་ཀྱིས་སྲུང་སྐྱོང་བྱེད་པ་ཨང་དང་པོ་དང་། ཚན་རིག་དང་མཐུན་པའི་བེད་སྤྱོད་བྱེད་པ་རྩ་དོན་དུ་བཟུང་ནས། གླིང་ཁུལ་གྱི་ས་གཤིས་རྗེས་ཤུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྤྱི་དམངས་ཀྱི་ཚན་རིག་སློབ་གསོ་དང་ཚན་རིག་ཞིབ་འཇུག་ཁྱབ་གདལ་དུ་བཏང་བ་མ་ཟད། ས་གཤིས་སྤྱི་གླིང་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང《རྒྱལ་ཁབ་ས་གཤིས་སྤྱི་གླིང་འཛུགས་སྐྲུན་མཛུབ་སྟོན》གྱི་བླང་བྱ་ལྟར།    རྒྱལ་ཁབ་ས་གཤིས་སྤྱི་གླིང་དོ་དམ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ས་གནས་ཀྱི་ཐོན་ཁུངས་དང་། ཁོར་ཡུག དཔལ་འབྱོར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་འཇོག་དགོས་པར་བསྟན།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།