ཟླ1པོ་ནས་ཟླ2པའི་བར་མཚོ་སྔོན་གྱིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་ཁབ་དང་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད9%འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྒོ་ཁྲལ་གྱི་བསྡོམས་རྩིས་ལྟར་ན།  2020ལོའི་ཟླ1པོ་ནས་ཟླ2པའི་བར་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་བསྡོམས་པས་སྒོར་ཁྲི12055.3ཟིན་ཡོད་པ་དང་།  དེ་ན་ནིང་དང་བསྡུར་ན9%ཡི་འཕར་ཡོད།

རྒྱུས་ལོན་པ་ལྟར་ན།  ད་ལོའི་ཟླ1པོ་ནས2པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཚོང་ཟོག་ནི་ཀུའེ་ལྕགས་དང་བསྲེགས་སོལ།  བསྲེགས་སོལ་ཕྱེད་ཀ།  སི་བཏགས་དངོས་རྫས་བཅས་གཙོ་བོ་ཡིན་པ་དང་།  རྡོ་སོལ་བསྲེགས་མ་སྒོར་ཁྲི787.6ཕྱིར་གཏོང་བྱས་ལ།  རྡོ་སོལ་བསྲེགས་མ་དང་བསྲེགས་སོལ་ཕྱེད་ཀ་སྒོར་ཁྲི782.6ཕྱིར་གཏོང་བྱས།  སི་བཏགས་དངོས་རྫས་སྒོར་ཁྲི533.6ཕྱིར་གཏོང་བྱས།  རིགས་འདི་གསུམ་པས་མཚོ་སྔོན་གྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་ཕྱིར་གཏོང་བྱེད་པའི་སྤྱིའི་རིན་ཐང་གི49.8%ཟིན་ཡོད།  ནང་འདྲེན་ཚོང་ཟོག་གཙོ་བོ་ནི་ཟངས་གཏེར་བྱེ་མ་དང་སྤུས་ལེགས་གཏེར་ཁ་ཡིན་པ་དང་།  ནང་འདྲེན་བྱེད་ཚད་སྒོར་ཁྲི7775.6ཡིན་ལ།  མཚོ་སྔོན་གྱི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་ཁབ་དང་ས་ཁུལ་གྱི་ནང་འདྲེན་བྱེད་ཚད་གྱི་སྤྱིའི་བསྡོམས་འབོར་གྱི99.3%ཟིན་ཡོད།  རྒྱལ་གཉེར་ཁེ་ལས་ནི་མཚོ་སྔོན་གྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་གཙོ་ཤུགས་ཡིན་པ་དང་།  ནང་འདྲེན་བྱེད་ཚད་སྒོར་ཁྲི8441.1ཡིན་པ་དང་ལྡབ7ཡི་འཕར་སྣོན་བྱས་འདུག  དེས་མཚོ་སྔོན་གྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི70%ཟིན་ཡོད།

གཞན་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱེད་རྒྱུར་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་ཚོང་དོན་འཕེལ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད། དེའི་ཁྲོད་དུ་ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་དུས་ཐོག་ཏུ《ཟི་ལིང་སྒོ་ཁྲལ་གྱིས་ཁེ་ལས་ལ་རོགས་སྐྱོར་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་བྱེད་པའི་བྱ་ཐབས་ཁག་བཅུ་བཞི》དང་《ཟི་ལིང་སྒོ་ཁྲལ་ཏང་ཨུས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ཞིབ་ཕྲ་བཟོ་བའི་ལག་བསྟར་ཇུས་གཞི》བཏོན་པ་དང་།  ཁོངས་གཏོགས་སྒོ་ཁྲལ་གྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་དམིགས་པའི“ཁེ་ལས་རོགས་སྐྱོར་ཞབས་ཞུ”ཡང་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ནས།  ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཕྱིར་གཏོང་ནང་འདྲེན་ཐད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་པ་རེད། །   

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།