ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་དང་རྟོག་ཞིབ་ཚན་ཆུང་གི་ཚན་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་ཀུའོ་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། མཉམ་དུ་མཚོ་སྔོན་གྱི་མིག་སྔའི་ལས་ཐོན་སླར་གསོ་གནས་བབ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ལུང་ཀུའོ་ཆང་གིས་མཚོ་སྔོན་གྱི་རིམས་ནད་འགོག་སྡོམ་དང་ལས་ཐོན་སླར་གསོ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཉིན་འགའི་རིང་། ཡུལ་དངོས་འཚམས་འདྲི་དང་གྲོས་ཚོགས་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྟོག་ཞིབ་ཚན་ཆུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད། རིགས་བགར་མཛུབ་ཁྲིད། ཁུལ་བགོས་ཇུས་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། ལྷག་པར་དུ་ལས་ཐོན་སླར་གསོ་བྱ་བ་སྔ་མོ་ནས་ལག་བསྟར་དང་འཆར་འགོད་བཟང་བོ་བྱས་པ་དང་། སྐུལ་འདེད་ནན་མོ་བྱས་ལ། འགོག་བཅོས་གཉིས་དང་གཙང་སེལ་གཉིས། ཕྱིར་བསྐྱོད་གཉིས། དམིགས་འབེན་གཉིས་བཅས་ལ་བརྟེན་ནས། ཐོན་སྐྱེད་སླར་གསོ་དང་འཛད་སྤྱོད་སོགས་ཀྱི་དམིགས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། ང་ཚོས་མཚོ་སྔོན་གྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བསྡུ་ལེན་བྱེད་པ་དང་། རྟོག་ཞིབ་དང་བསྡུ་རུབ་བྱས་པའི་བསམ་འཆར་དུས་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་པ། ཁེ་ལས་ཀྱི་ལས་ཐོན་སླར་གསོའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ། ཁེ་ལས་ལ་རོགས་བྱས་ནས་ཁུར་བོ་ཇེ་ཡང་དུ་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། གོ་རིམ་རྗེས་མར། གཙོ་བོར་རོགས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་པ་དང་། ཁེ་ལས་ཆུང་འབྲིང་ཕྲན་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འགོས་ནད་འགོག་སྡོམ་གྱི་འཕྲལ་བསྟུན་ནུས་པའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། རིམས་ནད་འགོག་སྡོམ་དང་ལས་ཐོན་སླར་གསོ་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཟེར།
ལིའུ་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྟོག་ཞིབ་ཚན་ཆུང་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྟོག་ཞིབ་ཚན་ཆུང་གིས་མཐོ་སྒང་གི་དབྱང་དབུགས་དཀོན་པ་དང་གྲང་ངར་ཆེ་བའི་ནམ་ཟླ་ཁྱད་སེལ་བྱས་པ་དང་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་སོང་ནས། ང་ཚོས་རིམས་ནད་འགོག་སྡོམ་དང་ལས་ཐོན་སླར་གསོའི་ཁྲོད་ཀྱི་དཀའ་ཁག་གནད་དོན་ཐག་གཅོད་པར་རོགས་རམ་བྱས་པ་དང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་དང་ཐུགས་ཁུར་བྱེད་ཀྱིན་པ་མཚོན་ལ། དེ་ནི་མཚོ་སྔོན་གྱིས་རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་ཞིབ་དཔྱད་དང་སྐུལ་འདེད་ཐེངས་གཅིག་ཡིན་པ་དང་། ང་ཚོས་ལས་ཐོན་སླར་གསོ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཤུགས་ཡོད་མཛུབ་སྟོན་དང་རྒྱབ་སྐྱོར་འདོན་སྤྲོད་དང་། གོ་རིམ་རྗེས་མའི་བྱ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། རྟོག་ཞིབ་ཚན་ཆུང་གི་བྱ་བའི་རྣམ་འགྱུར་ཧ་ཅང་བཟང་བ་དང་བྱ་བའི་སྤྱོད་ཚུལ་བརྟན་ཞིང་བྱ་བའི་ལས་ཆོད་ཧ་ཅང་མཐོ་ལ། ང་ཚོར་མིག་དཔེ་བཟང་བོ་བསྟན་པ་དང་འགན་འཁྲི་བརྒྱུད་སྒྲོག་དང་ཡིད་ཆེས་ཇེ་བརྟན་དུ་བཏང་། ང་ཚོས་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བ་དེ་གོ་སྐབས་སུ་བརྩིས་ནས། ཀྲུང་དབྱང་གི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྟོག་ཞིབ་ཚན་ཆུང་གི་མཛུབ་སྟོན་གྲོས་གཞི་ལྟར། བབ་བསྟུད་མདུན་སྐྱོད་དང་བདེན་རྫུན་ཟུང་འབྲེལ་བྱེད་པ། རྒྱུན་མཐུད་ངང་ཤུགས་འདོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་གྱི་འགན་སྲུང་། ལས་གཞིའི་འདེགས་སྐྱོར། ཐོན་སྐྱེད་གཏན་འཇགས་དང་འདོན་སྤྲོད་འགན་སྲུང་ལ་དམ་འཛིན་བྱེད་པ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་འགུལ་སྐྱོད་དངོས་ཁྲོད་དངོས་འབེབས་བྱས་ནས། ཏང་དང་མི་དམངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།
ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ལིག་ཐོ་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས།