ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས་20ཉིན། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཐོན་སླར་གསོའི་རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཡུལ་གཞན་གནས་སྤོར་དང་གྲོང་གསེབ་ཡུལ་སྐོར། རྒྱལ་ཁོངས་ལྗང་སྒྱུར་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གི་ཚན་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་ཀུའོ་ཆང་གིས་སྤྱི་འདོམས་ཇུས་འགོད་རྒྱུན་འཁྱོངས་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཙོ་གནད་ལ་དམིགས་ཏེ་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་དང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་ནན་བཤད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིང་ཀྲང་གཞོན་པ་ལི་ཅེ་ཞང་གིས་རྟོག་ཞིབ་བྱེད་རོགས་བྱས།
གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་གྲོང་ཚོ་རུ་རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་ཡུལ་དངོས་ནས་བདེ་སྐྱིད་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལས་དོན་ལ་ལྟ་ཞིབ་བྱས་པར་མ་ཟད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། ཁྱད་ལྡན་ཞིང་ལས་སྐྱེད་སྲིང་། འོད་ཤུགས་ཐོན་ལས་གསར་སྤེལ། ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཅས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ལུང་ཀུའོ་ཆང་གིས་བསྟན་དོན། བདེ་སྐྱིད་གྲོང་ཚོའི་རང་བྱུང་ཆ་རྐྱེན་དང་ས་བབ་དགེ་མཚན་མངོན་གསལ་དོད་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེ་བས་གཏན་འཁེལ་བྱས་ཟིན་པའི་འཆར་འགོད་གཞིར་བཟུང་ནས་རིམ་སྤོར་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ་བཅས་བྱས་ནས་ས་གནས་རང་གི་རིགས་སོ་སོའི་མང་ཚོགས་དབུལ་ཐར་མཁྲེགས་གཏོར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
གཅན་ཚ་རྫོང་ལྷོ་རིའི་ནགས་རར་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་གཅན་ཚ་རྫོང་གི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། གཅན་ཚ་རྫོང་གི་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་ཁས་ལེན་གང་ལེགས་བྱས། ལུང་ཀུའོ་ཆང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་རྒྱལ་ཁོངས་ལྗང་སྒྱུར་བཟོ་སྐྲུན་དུས་ཚིགས་ཡག་ཤོས་སུ་སླེབས་པ་དང་། ས་གནས་དེ་གའི་སྲིད་གཞུང་གིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། གནད་ལ་འཁེལ་བའི་སྒོ་ནས་བར་སྟོང་འཚོལ་བ། རྒྱལ་ཁོངས་ལྗང་སྒྱུར་བཟོ་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་རྒྱུན་མཐུད་ཡོངས་འབབ་འཕར་སྣོན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཐོན་སླར་གསོའི་རྟོག་ཞིབ་ཚན་ཁག་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།