ཁྲི་ཀ་རྫོང་གིས་དྭངས་གཙང་གི་རྨ་ཆུར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུང་གཡང་འགག་གི་རྨ་ཆུའི་བཞུར་རྒྱུན་དང་བསྡོངས་ནས་ཁྲི་ཀའི་རྨ་ཆུ་ཟམ་ཆེན་ཁར་སླེབས་དུས། སྨུག་པ་ལང་ལོང་དུ་འཐིབས་པའི་སྔ་དྲོ་ཞིག་ལ་འཁེལ་འདུག རྨ་ཆུའི་བྱང་འགྲམ་དུ་གནས་པའི་མཐོ་ཚད་ལ་སྨི100ལྷག་ཡོད་པའི་ཆིན་ཆི་ར་བའི་ཐོག་ཁང་གི་འདབས་ནས་རྒྱང་རིང་དུ་བལྟས་པ་ན། སྔོ་ལྟེམ་མེར་བཞུར་བའི་རྨ་ཆུས་ལྷོ་བྱང་གཉིས་ཀྱི་རི་ཚོགས་འཕྲེད་དུ་བཅད་དེ་ཤར་ལྷོའི་མཚམས་སུ་ཀྱག་ཀྱོག་ངང་བཞུར་བ་དང་། གངས་རི་དང་གྲོག་རོང་། གྲོང་སྡེ། ནགས་ཚལ་བཅས་ཕན་ཚུན་དུ་བསྣོལ་མར་ཆགས་འདུག་པ་ནི་པིར་རིས་མཁན་གྱི་པིར་རྩེ་ལས་ཐོན་པ་དང་འདྲ་བར་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག

རྨ་ཆུའི་ཟམ་ཆེན་འོག་ཏུ། ལོ་ན68ལ་སོན་པའི་གཞིས་དམངས་ཀྲང་ཏེ་ཧྥུའུ་ཡིས་ཁོའི་ཚ་མོ་ཆུང་ཆུང་ཁྲིད་དེ་འཆམ་འཆམ་དུ་འགྲོ་བཞིན་ཡོད། ཀྲང་ཏེ་ཧྥུའུ་ཡིས་བཤད་རྒྱུར། ང་རང་ཆུང་དུས་ལུང་གཡང་འགག་གི་ཆུ་མཛོད་བསྐྱིལ་མེད་པས། གྲམ་ཐང་འདི་རུ་ཆགས་པའི་ཁྲི་ཀར་དཔྱིད་དུས་དང་སྟོན་དུས་རྨ་ཆུ་རྒྱས་ནས་ཆུ་ལོག་གི་གནོད་སྐྱོན་ཐེབས་སླ་བ་སྟེ། སྡེ་བ་ཆུ་ཡིས་བཀང་ཞིང་ཆུ་ལོག་གང་སར་བྱུང་བའི་ངང་ཚུལ་ལ་ཚོད་འཛིན་བྱེད་དཀའ། ལུང་གཡང་འགག་ཏུ་ཆུ་མཛོད་ལས་ནས་རྨ་ཆུ་བསྐྱིལ་རྗེས། ཁྲི་ཀ་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྨ་ཆུས་ཀྱང་ཆུ་འགྲམ་དུ་ཆགས་པའི་གཞིས་དམངས་རྣམས་ལ་བདེ་སྐྱིད་བསྐྲུན་སོང་།

དུས་རབས་སྔོན་མའི་ལོ་རབས80པའི་མཇུག་ཏུ། རྨ་ཆུའི་སྟོད་རྒྱུད་དུ་ཆུ་ལོག་འགོག་པ་དང་ཆུ་གསོག་གློག་འདོན་གྱི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་བའི་ལུང་གཡང་འགག་ཆུ་མཛོད་ལས་ཏེ་བཀོལ་སྤྱོད་བྱས། དུས་དེ་ནས་བཟུང་། ཁྲི་ཀ་རྫོང་མཁར་ཆུ་ལོག་དང་རིང་དུ་གྱེས་ཏེ་འཕེལ་རྒྱས་ཀྱི་ཤོག་ལྷེ་གསར་པ་ཞིག་སློག་མགོ་བརྩམས་སོང་། ད་ལྟ། རྨ་ཆུའི་བཞུར་རྒྱུན་གྱི་ངོས་མཉམ་ཞིང་ཆུ་མོ་དྭངས་པས་རྨ་ཆུའི་འགྲམ་ངོགས་སུ་སོང་ན་ཆུ་ནང་དུ་རྐྱལ་རྩལ་ངོམ་བཞིན་པའི་ཉ་མོའང་མཐོང་ཐུབ་པས། “རྨ་ཀླུང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་སྙན་གྲགས་ཇེ་ཆེ་ནས་ཇེ་ཆེར་གྱུར།

ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་འཛུགས་སྐྲུན་ཚན་ཁག་གི་འགན་འཁུར་པ་ལི་ཡན་ཧྲོའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཁྲི་ཀ་རྫོང་གི་རྨ་ཆུའི་བཞུར་རྒྱུན་ཡུལ་ཁོངས་ཀྱི་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱས་པ་དང་བསྟུན་ནས། ཆོས་རྒྱལ་ལྷ་ཁང་དང་བདེ་སྐྱིད་ཆུ་ཁོལ། རྨ་ཆུ་སྔོན་མོ། བོན་པོ་གདོང་སྣའི་ཐུགས་རྗེ་ཆེན་པོ། ཨ་མྱེས་སྲིན་པོ། སྲིན་པོ་རི་རྒྱུད་ཀྱི་ཆར་ཟིམ། ཚ་རྔ་འགག ཀོ་རའི་མཚོ་དམར་བཅས་ཁྲི་ཀའི་གནའ་བོའི་ཡུལ་ལྗོངས་བརྒྱད་ཡོད་པ་ལས་གཞན། སུམ་པའི་འགག ཡུལ་ལྷའི་ལྷ་ཁང་། རྒྱལ་ཁབ་ས་གཤིས་སྤྱི་གླིང་། རྨ་འགྲམ་སྤྱི་གླིང་། ཇོ་ཇོ་ལྷ་ཁང་། རྨ་ཤར་ཟམ་ཆེན། མེ་ཏོག་དུས་ཆེན། ཕོ་རོག་ཚང་སྣ་བཅས་མཛེས་ལྗོངས་གསར་པ་བརྒྱད་གསར་སྤེལ་བྱས་པ་རེད།

2009ལོར། ཁྲི་ཀ་རྫོང་གི་ཡུལ་ཁོངས་ཡོངས“ཁྲི་ཀའི་མཐོ་སྒང་སྤྲོ་གསེང་ཁམས་གསོ་གུང་གསེང་ཁུལ”དུ་ཚུད་དེ། རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་ངོས་བཟུང་བ་དང་། ལོ་དེར་ད་རུང“ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ”དུ་ངོས་བཟུང་། ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གནས་ཡུལ་ཁག་བགོས་ལྟར། ཁྲི་ཀ་རྫོང་ལྟེ་གནས་རིག་གནས་ཡུལ་སྐོར་ཁུལ་དང་གོང་མོ་ལ་འབྲོག་མིའི་རིག་གནས་ཉམས་ལེན་ཁུལ། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ཁྲི་ཀའི་རྨ་ཆུ་དྭངས་མོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ཀོ་རའི་མཚོ་དམར་རྩྭ་ཐང་འབྲོག་གླུ་ཉམས་ལེན་ཁུལ། ལ་ཟེ་བ་ཆུ་གློག་ཚན་རྩལ་ཁྱབ་གདལ་ཉམས་ལེན་ཁུལ་བཅས་གསར་སྤེལ་བྱས།

དེ་ལས་གཞན། ཁྲི་ཀ་རྫོང་གིས་རྫོང་ཁོངས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས། རིག་གནས་དང་ལུས་རྩལ་གྱི་བྱ་འགུལ་ཐེག་བྱད་དུ་བརྩིས་པ་དང་། ལྗང་མདོག་དང་བདེ་ཐང་ཁྲིད་ཕྱོགས་སུ་བརྩིས་ཏེ། བསྟུད་མར་ལོ་འགའི་རིང་ལ། རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་དང་མཚོ་སྔོན་པོར་བསྐོར་བའི་ལྕགས་རྟ་འགྲན་སྡུར། ཀྲུང་གོའི་མཚོ་སྔོན་གྱི་རྒྱལ་སྤྱིའི(དགུན་དུས)རྨ་ཆུར་འཕྲེད་རྐྱལ་འགྲན་སྡུར་སོགས་ཀྱི་འགྲན་སྡུར་སོགས་སྤེལ་བ་དང་། “རྨ་ཀླུང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ལ་བརྟེན་ནས། ལྗོངས་ཁུལ་གྱི་སྣེ་ཁྲིད་དཔེ་སྟོན་དང་འགྱེད་འཕྲོའི་སྣེ་ཁྲིད་ནུས་པ་འབུར་དུ་དོད་པས། ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་ནས་རིམ་བཞིན་ལྟད་མོ་ཡུལ་སྐོར་དེ་སྤྲོ་གསེང་གུང་གསེང་དང་ཞིང་སྡེ་ཉམས་ལེན། རི་མགོའི་ལུས་སྦྱོང་སོགས་སྣ་མང་ཅན་གྱི་ཕྱོགས་སུ་འཕོ་འགྱུར་བྱུང་།

བསྡོམས་རྩིས་བྱས་པ་ལྟར་ན། 2018ལོར། ཁྲི་ཀ་རྫོང་གིས་ཡུལ་སྐོར་པ་མི་ཐེངས་ཁྲི506སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར16.13བླངས། དེ་གཉིས་དུས་མཉམ་དང་བསྡུར་ན་སོ་སོར17.2%དང23.6%འཕར་ཡོད། ཡུལ་སྐོར་པ་མི་ཐེངས་ཁྲི86.15ཞག་སྡོད་བྱས་པ་དང་། ཡུལ་སྐོར་གྱིསGDPལ་བྱས་རྗེས་བཞག་ཚད7.8%ལ་སླེབས་པས། ཡུལ་སྐོར་གྱིས་རྫོང་ཡོངས་ཀྱི་ལས་ཞུགས་ལ་བྱས་རྗེས་འཇོག་ཚད་ཀྱང་བརྟན་བརླིང་ངང་འཕར།

ན་ནིང་། ཁྲི་ཀ་རྫོང་གིས་སྒེར་བསྐོར་ཡུལ་སྐོར་གྱི་ལམ་ཐིག5དང་རྐང་ཐང་ཡུལ་སྐོར་གྱི་ལམ་ཐིག10། ཉེན་འཚོལ་ཡུལ་སྐོར་གྱི་ལམ་ཐིག5། ལྕགས་རྟ་ཡུལ་སྐོར་གྱི་ལམ་ཐིག5སོགས་རྩེ་གྲས་ཡུལ་སྐོར་ལམ་ཐིག་མང་པོ་འདོན་སྤྲོད་བྱས། ཡུལ་སྐོར་ལས་གཉེར་པ་མི5000ལྷག་ལ་སླེབས་པ་དང་། དེའི་སྣེ་ཁྲིད་འོག་མི་ཁྲི1.2ལྷག་གསར་དུ་ལས་ཀར་ཚུད་དུ་བཅུག ཉིན་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་པ9000རེ་སྣེ་ལེན་བྱས་པས་ཡུལ་སྐོར་གྱི་སྣེ་ལེན་ནུས་པ་ཇེ་དྲག་ཏུ་བཏང་།

ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཝན་ཁྲེན་གྱིས་བཤད་དོན། ཁྲི་ཀ་རུ་རྨ་ཆུའི་བཞུར་རྒྱུན་སྤྱི་ལེ76.8ཡོད། དེ་ཡིས་གངས་རི་དང་རི་མགོའི་རྩྭ་ས། བྲག་དམར་ས་གཤིས། གྲོག་རོང་ཞིང་ལས། རྨ་ཆུའི་འབབ་རྒྱུད། ལྗང་མདོག་སྐྱེ་ཁམས་ནགས་ཚལ་སོགས་ཀྱི་རང་བྱུང་ལྗོངས་ཁུལ་གྲུབ་པ་དང་། དེ་ལས་གཞན། གནའ་བོའི་རིག་གནས་དང་གནའ་བོའི་མཁར་ཤུལ་བརྒྱ་ཕྲག་ཡོད་ལ། རྫོང་མཐུག་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཡོད་པ་བཅས་ནི་ཁྲི་ཀ་རྫོང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དུ་བསྐྲུན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གྱུར་ཡོད། ད་ལྟ། ཁྲི་ཀ་རྫོང་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས“སྐྱེ་ཁམས་ལྗང་མདོག”མིང་བྱང་ཡིན་པའི་གནམ་འོག་གི“རྨ་ཀླུང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་སྣང་བརྙན་གསར་པ་སྐྲུན་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།