ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐོ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་སློབ་འགོ་རྩོམ་པའི་བྱ་བའི་རྟོག་ཞིབ་བྱས་པ་དང་། སློབ་མ་དང་ཁྱིམ་བདག མི་དམངས་ལ་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་བཟུང་ནས་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པ་དང་སློབ་ཁྲིད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། སློབ་འགོ་གོ་རིམ་ལྡན་པའི་ངང་རྩོམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ལིག་ཐོ་སོགས་བསྟུད་མར་སློབ་འགོ་ཚུགས་པའི་མེན་ཧི་རྫོང་སློབ་འབྲིང་དང་པོ་དང་ཧྲི་ནཱ་སློབ་འབྲིང་། ལི་ཏུའུ་ཆུའུ་སློབ་འབྲིང་གཉིས་པ་དང་སློབ་འབྲིང་བཞི་བ། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་ལ་སོང་ནས། སློབ་གྲྭའི་སློབ་མའི་ལུས་དྲོད་འཇལ་བ་དང་སློབ་རའི་ཕྱོགས་བསྡུས་དོ་དམ། སློབ་མའི་སློབ་ཁྲིད་སྒྲིག་ལམ། སློབ་མའི་ཉལ་ཁང་གི་ཁོར་ཡུག སྨན་བཅོས་མི་སྣ་ཆ་སྡེབས། རིམས་འགོག་དང་འཚོ་བའི་དངོས་ཟོག་ཉར་གསོག་སོགས་གནས་ཚུལ་ཐད་ནས་ལྟ་ཞིབ་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་སློབ་མས་དུས་ཚོད་བསྣོལ་ནས་ཟ་མ་ཟ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཞིང་ཆེན་ལྟ་ཞིབ་ཚན་ཆུང་གི་ཁོངས་མི་དང་ས་གནས་ཀྱི་ཏང་ཨུའི་སྲིད་གཞུང་། སློབ་གསོ་སོགས་སྡེ་ཁག སློབ་གྲྭའི་འགན་ཁུར་མི་སྣ། སྨན་བཅོས་མི་སྣ། དགེ་རྒན་དང་ལས་བཟོ་བ་བཅས་དང་བརྗེ་རེས་བྱས།
ལིག་ཐོ་ཡིས་ནན་གྱིས་བསྟན་དོན། དམིགས་བསལ་དུས་སྐབས་སུ་དམིགས་བསལ་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སློབ་གྲྭ་སོ་སོས་སློབ་འགོ་རྩོམ་པ་དང་སློབ་ཁྲིད་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་གཅིག་་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཕྱོགས་གཅིག་ནས་སློབ་འགོ་རྩོམ་པ་དང་སློབ་ཁྲིད་བྱེད་པར་དམ་འཛིན་བྱེད་དགོས། ཇེ་དམའ་རུ་གཏོང་མི་རུང་བ་གཉིས་ཀྱི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འགན་འཁྲི་ཕྲག་ཏུ་ལེན་པ། སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། སློབ་གྲྭ་དང་དགེ་རྒན། ཁྱིམ་བདག་དང་སྤྱི་ཚོགས་ཐུན་མོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སེམས་ཁམས་རོགས་སྐྱོར་ཞབས་ཞུ་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བསམ་བློ་ཀུན་སྤྱོད་སློབ་གསོའི་སློབ་ཁྲིད་དང་པོ་སོགས་ཀྱི་རྣམ་པ་བརྒྱུད་དེ། རིམས་ནད་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་པ་དང་། སློབ་མའི་སེམས་ཁམས་བདེ་ཐང་ལ་ཤུགས་སྣོན་པ། སློབ་མའི་རིམས་ནད་ཐད་ལྟ་སྟངས་ཡང་དག་འཛིན་པར་སྣེ་ཁྲིད་བྱེད་པ། དུས་ལྟར་རིམས་ནད་ཐད་ཀྱི་ཞེད་སྣང་མེད་པར་བཟོས་ནས། སློབ་མའི་སེམས་ཁམས་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལིག་ཐོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་སློབ་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས།