མཚོ་སྔོན་ཞིང་ཆེན་གྱིས་རྫོང་དང་། གྲོང་ཁྱེར། ཆུས་བཅས32སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་ལ་ལེགས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚེས17ཉིན་ཞིང་ཆེན་ཡོངས་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་དང་། རིགས་གཅིག་མཁས་ཅན་དང་ཚན་རིག་མཁས་ཅན་གྱིས་ཚོད་སྐོར་དང་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད་ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད24ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་གནད་སྨིན་བྱུང་བས། ཕྱི་ནས་འགོ་བའི་ཉེན་ཁ་ཚོད་འཛིན་ཐུབ་པའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་32སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་ལ་ལེགས་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བ་བྱེད་པ་དང་ཆབས་ཅིག་རྒྱུན་གཏན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པའི་གཏན་འབེབས་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ནང་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་རྣམ་གཡེང་གི་བསམ་བློ་དང་། སུན་སྣང་གི་རྣམ་འགྱུར། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་ཚུལ་བཅས་གཏན་འགོག་བྱས་ཏེ། མུ་མཐུད་སྔོན་འགོག་ཚོད་འཛིན་གྱི་ཚད་གཞི་དམའ་རུ་མི་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། བླང་བྱ་ལྷུག་ཏུ་མི་གཏོང་བ་བཅས་ཐུབ་པ་བྱེད་དགོས། སྲིད་གཞུང་གི་ཁོངས་མིའི་ཚན་པ་ཁག་གིས་གཏོགས་ཁོངས་ཅན་གྱི་འགན་འཁྲི་དང་། སྡེ་ཚན་དང་། ལས་རིགས། ཚན་པ་བཅས་ཀྱི་བྱེད་པོའི་འགན་འཁྲི་མུ་མཐུད་རང་རྟོགས་ངང་འཁུར་ཏེ་ཕྱི་ནས་མ་འགོ་བ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་འགོག་ཟོན་དང་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱེད་དགོས།

སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་ལ་ལེགས་སྒྲིག་མ་བྱས་པའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་13གྱིས་སྔར་བཞིན་ཕྱོགས་ཡོངས་ནས་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག་འཕྲལ་སྡོམ་གྱི་རྣམ་པའི་ཐོག་ནས་ཐོན་སྲིད་པའི་རིམས་ནད་ཀྱི་ཉེན་ཁར་འཕྲལ་མར་བརྡ་ལན་སློག་པ་དང་། བབ་བསྟུན་ངང་ཚན་རིག་དང་མཐུན་པའི་ཚོད་སྐོར་ལས་དོན་སྤེལ་ཏེ་རྒྱུན་གཏན་གྱི་སྔོན་འགོག་ཚོད་འཛིན་དང་དོ་དམ་བྱ་རྒྱུར་སྔ་ཙམ་ལེགས་སྒྲིག་ཐུབ་པའི་བརྩོན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།