ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གིས་བརྙན་རིས་གྲོས་ཚོགས་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱི་ཁུལ་བཞིའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གིས་བརྙན་རིན་གྲོས་ཚོགས་བརྒྱུད་དེ་ཡུས་ཧྲུའུ་དང་མགོ་ལོག མཚོ་བྱང་། མཚོ་ནུབ་བཅས་ཁུལ་བཞིའི་ལས་ཐོན་སླར་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་མཚོ་ནུབ་ཁུལ་གྱི་ཁེ་ལས་སྐོར་ཞིག་དང་ཡུལ་དངོས་བརྙན་རིས་གྲོས་ཚོགས་བསྡུས་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། རྟོག་ཞིབ་ཚན་ཆུང་གི་ཚན་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་ཀའོ་ཆང་གིས་ནན་གྱིས་བསྟན་དོན། སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཟེར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་བརྙན་རིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ལུང་ཀའོ་ཆང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལས་ཐོན་སླར་གསོ་བྱ་བའི་ཐད་ནས་འཆར་འགོད་ཟབ་མོ་བྱེད་པ་དང་སྔ་མོ་ནས་ལག་བསྟར་བྱེད་པ། སྐུལ་འདེད་ནན་མོ་གཏོང་དགོས། མིག་སྔར། ལས་ཐོན་སླར་གསོ་དེ་དུས་རིམ་གསར་བར་བསླེབ་ཡོད་པ་དང་། འགྲན་རྩོད་གསར་བར་ཐུག་ཡོད་པས། འབད་འཐབ་ལྷོད་མེད་བྱེད་དགོས། ཆེ་འཛིན་ཆུང་སྐྱོར་དང་སྔ་མོ་ནས་འཆར་འགོད་བྱེད་པ་དང་། སྲིད་ཇུས་སྣ་ཚོགས་ལ་ཞིབ་འཇུག་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཁེ་ལས་ཆེ་བའི་ལས་ཐོན་སླར་གསོ་ལ་དམ་འཛིན་བྱེད་པའི་ཞོར་དུ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་འཚོང་མི་སྣར་རོགས་སྐྱོར་བྱེད་པ་འབུར་དུ་ཐོན་པར་བྱས་ནས། ཚོང་རའི་གསོན་ཤུགས་ལ་འགན་སྲུང་བྱེད་དགོས། ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་དང་ཞིང་ཕྱུགས་ལས་ཀྱི་དགེ་མཚན་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱེད་པ། སོན་བཟང་སྐྱེད་སྲིང་བྱེད་པ་དང་ཁྱད་ལྡན་ཐོན་ལས་བསྐྲུན་པ། ཉོ་ཚོང་ལམ་བུ་རྒྱ་སྐྱེད་པ་དང་སྣང་ཚུལ་བཟང་བོ་བཙུགས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་རིམས་ནད་ཀྱིས་བཟོ་ཚོང་ལས་རིགས་འཕེལ་རྒྱས་ཐད་ཀྱི་གནོད་པ་ཁ་གསབ་བྱེད་དགོས། རྨང་གཞི་སྒྲིག་ཆས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། མ་དངུལ་དང་སྒྲིག་ཆས། མི་སྣ་སོགས་རྒྱུ་ཆའི་འགན་སྲུང་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལས་གཞི་གསར་བའི་གྲབས་གསོག་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་རྗེས་ཤུགས་དང་གསོན་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལག་བསྟར་ལ་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་ཐོན་སླར་གསོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།