ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་གདན་ཞུའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་གདན་ཞུའི་མཛད་སྒོ་འཚོགས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་སྲོག་ཤིང་དུ་འཛིན་པ། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་ཧུར་ཐག་གིས་ཁྱབ་གདལ་གཏོང་བ། ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ཏེ། “ཀྲུང་གོའི་སྲིད་སྐྱོང”དང“མཚོ་སྔོན་གྱི་བྱེད་སྟངས”ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བའི་སྒོ་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་བ་སྔར་བས་ཆེ་བ་དབུལ་དགོས་ཞེས་ནན་གྱིས་བསྟན་པ་རེད།

ལིག་ཉིང་གིས་གསར་དུ་གདན་ཞུ་བྱས་པའི་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བ13དང་། ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་ཆེད་མཁས་རིག་མཛོད་ཀྱི་ཁོངས་མི20ལ་གདན་ཞུའི་ཡི་གེ་སྤྲད་པ་དང་འབྲེལ་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་གསུང་དོན། ཞིང་ཆེན་སྲིད་གཞུང་གིས་བཅའ་ཁྲིམས་བློ་འདྲི་བ་གདན་ཞུ་བྱས་པ་དེ་ནི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་བཅས་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། ཏང་ཀྲུང་དབྱང་གི་ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པས་ང་ཚོས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་ཁྱབ་གདལ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། བླང་བྱ་གསར་བ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བརྟན་བརླིང་ངང་ཡུན་རིང་དུ་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་བློ་འདྲི་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་ཤེས་འཇོན་སྤྱང་གསུམ་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ཐུབ་བྱེད་དུ་འཇུག་དགོས། རིམ་པ་བཞིན་ལག་བསྟར་དང་གོ་རིམ་ལྟར་སྐུལ་འདེད་གཏོང་བའི་རྩ་དོན་གཞིར་བཟུང་ནས། ཞིང་ཆེན་དང་། གྲོང་ཁྱེར།(ཁུལ) རྫོང(གྲོང་ཁྱེར་དང་ས་ཁུལ)བཅས་རིམ་པ་གསུམ་གྱི་སྲིད་གཞུང་གཙོར་བཟུང་བ་དང་། ཤང་གྲོང་དང་གྲོང་ཚོ(སྡེ་ཁུལ)ཁྱོན་ཡོངས་ལ་ཁྱབ་པའི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྒྱུན་གཏན་གྱི་དོ་དམ་དང་། ལས་སྒོའི་གསོ་སྦྱོང་། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགྲོ་གྲོན་འགན་ལེན་ལམ་སྲོལ་ཁ་ཚང་དུ་གཏོང་བ་བཅས་བྱས་ནས། བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་ཚོས་ཁྲིམས་སྐྱོང་གི་བསམ་བློ་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་ལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

ཧྲིན་ཀྲང་གཞོན་པ་ཝང་ཀྲེང་ཧྲིན་གྱིས་གདན་ཞུའི་མཛད་སྒོར་གཙོ་སྐྱོང་གནང་བ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།