མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སྐོར་ཞིག་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉིན་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སྐོར་ཞིག་སླར་ཡང་སྒོ་ཕྱེ་པས་ལུས་སྦྱོང་བྱ་རྒྱུར་དགའ་བའི་མི་རྣམས་ཀྱིས་ཕྱི་རོལ་དུ་ལུས་སྦྱོང་བྱེད་ཆོག་པ་དང་། ཕྱི་རོལ་ནས་ལུས་རྩལ་སྦྱོང་བརྡར་བྱེད་པའི་སྤྲོ་བ་ལོངས་སུ་སྤྱད་པ་རེད།  

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མིག་སྔར་སྒོ་ཕྱེས་པའི་ལུས་རྩལ་ར་བ་སོ་སོ་ནི་ཟི་ལིང་གྲོང་ཁྱེར་ལྷོ་སྒོ་ལུས་རྩལ་ཐང་དང་། མི་དམངས་སྤྱི་གླིང་ལུས་སྦྱོང་ཐང་གི་བྱ་སྒྲོའི་སྤོ་ལོ་ཁང་། ཕྱིའི་སྤོ་ལོ་ཐང་། གཟེབ་སྒྲོམ་རྣམ་པའི་རྐང་རྩེད་སྤོ་ལོའི་ཐང་བཅས་རེད། ལུས་རྩལ་ཐང་དང་ལུས་རྩལ་ཁང་ཁག་ཚང་མར་དུས་མཚམས་དབྱེ་ནས་སྒོ་ཕྱེ་ནས་ལུས་སྦྱོང་མི་ཚོགས་ལ་དུས་མཚམས་དབྱེ་རྒྱུ་དང་ཁ་ཐོར་རྣམ་པའི་སྦྱོང་བརྡར་བྱ་རྒྱུའི་ཐག་བཅད་པ་རེད།

གསར་འགོད་པས་ལུས་རྩལ་ཐང་སྐོར་ཞིག་ནས་བཅར་འདྲི་བྱེད་སྐབས། འཛུལ་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་དཔྱད་ཡིག་དང་ལུས་རྩལ་ཐང་དུ་འཛུལ་སྐབས་ངེས་པར་དུ་ཤེས་དགོས་པའི་དོན་ཚན་སྦྱར་ཡོད་པ་དང་། ད་དུང་ལུས་རྩལ་ར་བ་སོ་སོ་ནས་ཆེད་དོན་ལས་བྱེད་མི་སྣས་སྲུང་ཡོད་པ་མཐོང་། རྒྱུས་ལོན་པ་ལྟར་ན།  སྒོ་ཕྱེས་རྗེས་ལུས་རྩལ་ར་བ་སོ་སོས་བླང་བྱ་ནན་པོ་བཏོན་ཏེ་འཛུལ་མཁན་ལ་ལུས་དྲོད་ཚད་འཇལ་དང་ཆ་འཕྲིན་ཐོ་འགོད་བྱེད་པ་དང་། ལུས་དྲོད་རྒྱུན་ལྡན་ཡིན་པ་དང་ཁ་རས་བཏགས་རྗེས་ད་བཟོད་ནང་དུ་འཛུལ་ཆོག  མིག་སྔར་དམངས་ཡོངས་ཀྱི་ལུས་རྩལ་ར་བས་མི་གྲངས་ཚོད་འཛིན་བྱས་ཡོད་པ་དང་ཉིན་རེའི་ལུས་སྦྱོང་མི་ཐེངས་ཐེག་ཚད་ཀྱི་བརྒྱ་ཆའི50མ་གཏོགས་སྣེ་ལེན་བྱེད་ཀྱིན་མེད། དུས་མཚུངས་སུ་ཆེད་དོན་མི་སྣ་མངགས་ནས་གཙང་སྦྲ་དུག་སེལ་བྱེད་པ་དང་།  རིམས་ནད་སྐབས་ཀྱི་འཕྲལ་བསྟུན་ཐག་གཅོད་གོ་རིམ་གཏན་ཁེལ་བྱས་པ་མ་ཟད། འཕྲལ་བསྟུན་ས་ཁོངས་བཀོད་སྒྲིག་བྱས་ཡོད།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།