ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་སློབ་གྲྭའི་རིམས་ནད“འགོག་སྲུང་དྲ་བ”ཁྱོན་ཡོངས་ནས་ལེགས་པར་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་མཛད་དེ། སློབ་ཆུང་གི་དཔྱིད་དུས་སློབ་འགོ་རྩོམ་པའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད། ལིག་ཉིང་གིས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས། ཧུར་ཐག་གཟབ་ནན་གྱིས་ཞིབ་འཇུག་བརྡར་གཅོད་གང་ལེགས་བྱེད་པ་དང་། བརྟན་ཅིང་ལྷིང་ལ་གོ་རིམ་ལྡན་པའི་ངང་གྲ་སྒྲིག་ཡག་པོ་བྱེད་པ། བློ་ཞིབ་མོས་འགན་སྲུང་ལེགས་པོར་བསྒྲུབས་པ་བཅས་བྱས་ནས། སློབ་གྲྭའི་རིམས་ནད“འགོག་སྲུང་དྲ་བ”ཁྱོན་ཡོངས་ནས་བསྐྲུན་ཏེ་ནོར་འཕྱུགས་གཏན་ནས་མི་འབྱུང་བའི་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཀྲང་ཀྲང་ཞི་མིང་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ལིག་ཉིང་གིས་བསྟན་དོན། སློབ་ཆུང་སློབ་མའི་སྤྱི་པའི་འཕྲོད་བསྟེན་འདུ་ཤེས་དང་རང་ངོས་འགོག་སྲུང་ནུས་པ་ཅུང་ཞན་པས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སྔར་བས་མཐོན་པོ་འཛིན་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཆུང་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་ངང་སློབ་འགོ་རྩོམ་རྒྱུ་དང་། བདེ་འཇགས་ངང་སློབ་ཁྲིད་འཚོག་རྒྱུ་ནི་མིག་སྔའི་ལས་དོན་ཁྲོད་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། བརྟག་དཔྱད་དང་རིགས་སྒྲུབ་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་དཔྱད་དཔོག་བྱེད་པ། ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་པ། ཁུལ་དབྱེ་རིམ་འབྱེད་ཀྱིས་སློབ་ཆུང་སློབ་འགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བཅས་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་འཕྲལ་བསྟུན་སྔོན་ཇུས་བཟོ་བ་དང་། རིམས་ནད་ཀྱི་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་དང་། ལུས་ཕུང་གི་ཚ་གྲངས་བརྟག་པ། བདེ་ཐང་བརྟག་དཔྱད། དུག་སེལ་དག་གཙང་དོ་དམ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། བདེ་ཐང་སློབ་གསོ་གཏིང་ཟབ་སྤེལ་བ། སློབ་གསོ་སློབ་ཁྲིད་བཀོད་སྒྲིག་ཡག་པོ་བྱེད་པ། སློབ་འགོ་རྩོམ་པའི་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། མཉམ་འགོག་མཉམ་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཁོངས་གཏོགས་ས་ཆ་དང་། སྡེ་ཁག སློབ་གྲྭ དགེ་རྒན། ཁྱིམ་བདག་བཅས་ཀྱི“འགན་འཁྲི་ལྔ”སྔར་བས་ནན་ཏན་དུ་གཏོང་བ་དང་། འགོག་སྲུང་དངོས་རྫས་དང་། སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་ལེན་བཅས་ཀྱི“ཕྱོགས་གསུམ་གཟིགས་སྐྱོང”ལས་དོན་ཡག་པོ་སྒྲུབ་པ། སློབ་གྲྭ་དང་སྲིད་གཞུང་སྡེ་ཁག སློབ་མའི་ཁྱིམ་བདག སློབ་གྲྭའི་ཉེ་འཁོར་བཅས་ཀྱི“རོགས་ལས་གསུམ”ཇེ་དྲག་ཏུ་གཏོང་བ། ཞིབ་ཅིང་ཕྲ་ལ་དོན་དངོས་དང་མཐུན་པའི་བྱེད་ཐབས་སྤྱོད་ཤུགས་ཇེ་ཆེར་བཏང་ནས། སློབ་གྲྭའི་རིམས་ནད“འགོག་སྲུང་དྲ་བ”ཁྱོན་ཡོངས་ནས་ལེགས་པར་བསྐྲུན་ཏེ། ཧུར་ཐག་འབད་ཐག་གིས་ཏང་ཀྲུང་དབྱང་དང་། སྤྱི་ཚོགས་ཡོངས། སློབ་མ་དང་ཁྱིམ་བདག་བཅས་ཀྱི་བློ་བདེ་བར་འཇུག་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།