ཁོང་ཡུང་གིས་ཚན་རིག་སྒོས་གནད་སྨིན་རིམས་འགོག་མཐའ་འཁྱོངས་བྱས་ནས། ཐོན་སྐྱེད་དང་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་འགོག་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་རིམས་འགོག་ལས་དོན་བཀོད་འདོམས་པུའི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། ཞིང་ཆེན་ཡོངས་ཀྱི་རིམས་འགོག་དང་སྤྱིར་བཏང་གི་སྔོན་འགོག་ས་ཁུལ་ཁག་ཅིག་གི་ཉེན་ཁ་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་གཅིག་གི་སྤྱིར་བཏང་གི་སྔོན་འགོག་ཁུལ་ལེགས་སྒྲིག་བྱས་ཏེ། རྒྱུན་ལྡན་གྱི་སྔོན་འགོག་ཁུལ་དུ་སྒྱུར་བར་ཆེད་མཁས་པའི་བསམ་འཆར་དང་གྲོས་འགོར་ཉན་པ་རེད།

ཁོང་ཡུང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ས་གནས་ཁག་དང་སྡེ་ཚན་ཁག་གི་དཀའ་སྤྱད་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་ལས་དོན་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། ཉིན40ལ་བསྟུད་མར་ནད་གཞི་གཏན་འཁེལ་གྱི་ནད་དཔེ་གསར་པ་ཐོན་མེད་པ་དང་། ནད་དཔེ་གཏན་འཁེལ་དང་། འབྲེལ་གཏུག་དམ་ཟབ་བྱེད་མཁན། རིམས་ནད་ཕོག་ས། གཙོ་གནད་སྔོན་འགོག་ཁུལ། གཙོ་གནད་མིན་པའི་སྔོན་འགོག་ཁུལ་བཅས“གཙང་བཤེར་ལྔ་དང་ཀླད་ཀོར་གཅིག”མངོན་འགྱུར་བྱུང་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་། རིམས་འགོག་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་འགོག་གི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་མོད། འོན་ཀྱང་་རྗེས་ཕྱོགས་ཀྱི་ལས་ཀའི་རྙོག་འཛིང་རང་བཞིན་ནི་ཉིན་རེ་བཞིན་མངོན་གསལ་དོད་པོར་ཕྱིན་ཡོད། ཕྱོགས་གཅིག་ནས་ལས་འགོ་དང་སློབ་འགོ་བསྐྱར་ཚུགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག མི་འབོར་འགྲོ་འོང་དང་གཅིག་སྡུད་ལས་བྱུང་བའི་མི་མངོན་པའི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་རིམས་ནད་ཀྱི་རྒྱལ་ཕྱིའི་ཕྱིར་གཏོང་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་གནས་ཚུལ་ལ་ཚད་མཐོའི་དོགས་ཟོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ“ཕྱི་ཕྱོགས་དམ་ནན། ནང་ཁུལ་ལྷུག་གཏོང་། གནད་སྨིན་ཇུས་བསྟར”བཅས་ཀྱི་རྩ་དོན་གཞིར་བཟུང་ཕྱི་ནས་ནང་ཁྱབ་འགོག་པ་དང་ནང་ནས་བྱེར་ཁྱབ་འགོག་པའི་ལས་དོན་ཡག་པོ་བསྒྲུབས་ནས། གཙོ་གནད་མི་ཚོགས་དང་གཙོ་གནད་ཁུལ་གྱི་མི་སྣར་དོ་དམ་དང་རིམས་ནད་ལྟ་ཞིབ་ཚད་ལེན་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཁུལ་དང་རིམ་པ་དབྱེ་བ། གཙོ་གནད་མངོན་གསལ་དོད་པ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།