མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང18པ།)

ཚོང་དོན་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་གྱིས་དཔར་འགྲེམས་བྱས་པའི《སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱིས་པྲོག་དབྱིབས་ནད་དུག་གསར་པ་མཆེད་རིང་ལ་གཉེར་སྐྱོང་ཞབས་ཞུའི་སྔོན་འགོག་ཚོད་འཛིན་ཕྱོགས་སྟོན》ཞེས་པ་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁུལ་དབྱེ་རིམ་འབྱེད་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལེན་རིམ་པའི་ལེགས་སྒྲིག་དོན་དངོས་ལ་གཞིགས་ནས། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་ཆེད། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་གཉེར་ཁང(མགྲོན་ཁང་དང་། གསོལ་ཁང་། ཞོགས་ཟས་ཁང་། མཚན་ཟས་ཁང་སོགས་ཚུད)ཚང་མས་དེ་རིང་ནས་བཟུང་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱས་ཆོག

གཉིས། བཟའ་བཏུང་ལས་གཉེར་ཁང་གིས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་བྱ་ཐབས་དངོས་འབེབས་བྱེད་དགོས། ཚོང་དོན་སྡེ་ཁག་གིས་ལས་རིགས་མཛུབ་སྟོན་གྱི་འགན་འཁྲི་སྒྲུབ་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱེད་དགོས།

གསུམ། བཟའ་བཏུང་ལས་གཉེར་ཁང་གིས་ལས་གཉེར་སླར་གསོ་མ་བྱས་གོང་། ལས་གནས་སུ་ཕྱིར་ལོག་དགོས་པའི་ལས་བཟོ་པའི་བདེ་ཐང་རྩིས་ཁྲ་བཟོས་ཏེ། ལས་གཉེར་བྱས་རྗེས་ཉིན་ལྟར་ལས་ཞུགས་མི་སྣར་ཞོགས་བཤེར་དང་ཚ་གྲངས་ལྟ་ཞིབ་ཚད་ལེན་བྱེད་དགོས། ལས་གཉེར་བྱེད་ས་དང་། བཟའ་བཏུང་ཡོ་བྱད། སྒྲིག་ཆས་སྒྲིག་བཀོད་སོགས་ལ་རླུང་རྒྱུ་བ་དང་། དུག་སེལ་བ། བདེ་འཇགས་ཞིབ་བཤེར་བཅས་བྱེད་དགོས་པར་མ་ཟད། དགོས་ངེས་ཀྱི་རིམས་འགོག་དངོས་རྫས་ཀྱང་གསོག་འཇོག་ཡག་པོ་བྱེད་དགོས། བཟའ་བཏུང་ལས་གཉེར་བ་ལ་རིམས་ནད་ཀྱི་ཉེན་ཁ་ཆེ་བའམ་འབྲིང་ཙམ་པའི་ས་ཁུལ་གྱི་མི་དང་། ཕྱི་རྒྱལ་ནས་ཡོང་བའི་མི་སྣ། མཚོ་སྔོན་དུ་ཕྱིར་ལོག་མཁན་བཅས་གནས་སྐབས་སུ་གདན་ཞུ་བྱས་མི་ཆོག

བཞི། བཟའ་བཏུང་ལས་གཉེར་ཁང་གིས་ཁ་པར་སྤྱད་དེ་ཨང་བཤེར་དངུལ་སྤྲོད་ཀྱིས་རྩིས་ལེན་བྱ་རྒྱུ་དར་སྤེལ་གཏོང་དགོས། འཛུལ་སྒོའི་འགྲམ་དུ་མངོན་གསལ་དོད་པ་དང་ཁ་གསལ་བའི་བསྒྲགས་ཡིག་བྱང་བུ་བཙུགས་ཏེ། ཉིན15ཡི་རིང་ལ་ཕྱི་ནས་ཡོང་བ་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་ཚོས་ཟ་ཁང་དུ་ཟ་མ་ཟོས་མི་ཆོག་པའི་དྲན་སྐུལ་བྱེད་དགོས། སྐུ་མགྲོན་རྣམས་ཀྱིས་ཟ་ཁང་དུ་ཟ་མ་ཟ་སྐབས་ཀྱང་ཡ་རབས་ཀྱི་སྲོལ་བསྐྱངས་ཏེ་ཕན་ཚུན་ལ་བར་ཐག་འཛིན་དགོས་ཤིང་། ཟ་མ་ཟ་སྐབས་མ་གཏོགས་ཁ་ཐུམ་རྒྱག་པ་དང་། ཟ་མ་ཟོས་རྗེས་མྱུར་ཏུ་ཟ་ཁང་དང་བྲལ་དགོས་པ་ལས་ཡུན་རིང་ལ་བསྡད་མི་ཆོག

ལྔ། བཟའ་བཏུང་ལས་གཉེར་ཁང་གིས་འཕྲོད་བསྟེན་རིམས་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་ལས་བཟོ་པའི་རང་ངོས་ཀྱི་འཕྲོད་བསྟེན་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས། ལས་བཟོ་པ་ཡོངས་ཀྱིས་ཁ་ཐུམ་བརྒྱབ་ནས་ལས་ཀར་ཞུགས་དགོས་པ་དང་། ཞབས་ཞུའི་བརྒྱུད་རིམ་ཁྲོད་སྐུ་མགྲོན་དང་ཉེ་བཅར་བྱེད་པ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཅོག་ཙེ་རེ་རེའི་མགྲོན་པོ་རྣམས་ལ་གཅིག་སྤྱོད་ཐུར་མ་དང་ཁེམ་བུ་འདོན་སྤྲོད་བྱེད་པར་སྐུལ་མ་བྱས་ཏེ་ཕན་ཚུན་ལ་རིམས་ནད་འགོས་པར་སྔོན་འགོག་བྱེད་དགོས།

དྲུག བཟའ་བཏུང་ལས་གཉེར་ཁང་གིས་དྲ་ཐོག་མངག་སྐྱེལ་དང་། དྲ་འོག་ཐུམ་རྒྱག་གི་བྱེད་ཐབས་སྤྱད་དེ། དུལ་སྣོལ་ཟས་རོལ་དང་། ཨང་འབོད་ཟས་ལེན། མཚམས་བཀྱེད་གྲལ་སྒྲིག་སོགས་ཞབས་ཞུ་རྣམ་པ་སྣ་ཚོགས་བརྒྱུད་ནས་གྲལ་རིང་སྒྲིག་པའི་སྣང་ཚུལ་འབྱུང་བར་གཡོལ་དགོས། བཟའ་བཏུང་ལས་གཉེར་ཁང་གིས་སྒྲོག་ཙེ་དང་རྐུབ་སྟེགས་སྒྲིག་ཚད་ཇེ་ཉུང་དུ་གཏོང་བ་དང་། གསོལ་ཅོག་གི་བར་ཐག་འབྱེད་པ། ཅོག་ཙེ་དང་ཅོག་ཙེའི་བར་མཚམས་བཅད་ནས་ཟས་གསོལ་བ། དངོས་ལུགས་བཀར་འཇུག་བྱས་ནས་ཟས་ཟ་བ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་བྱེད་ཐབས་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཟུར་ཁང་དུ་རྒྱས་ཟས་ལ་རོལ་བར་གཏན་འགོག་བྱས་ནས། འདུ་འཛོམས་རང་བཞིན་གྱི་རྒྱས་ཟས་ལས་བྱུང་བའི་རིམས་ནད་མཆེད་པའི་ཉེན་ཁ་མི་འབྱུང་བར་བྱེད་དགོས།

བདུན། བཟའ་བཏུང་ལས་གཉེར་ཁང་གིས《བཟའ་བཏུང་ཞབས་ཞུ་དང་བཟའ་བཅའི་བདེ་འཇགས་བཀོལ་སྤྱོད་ཚད་གཞི》ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་བྱས་མེད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་རིགས་གསར་པ་ཉོས་མི་ཆོག་ཅིང་། བཟའ་བཅའ་ལས་སྣོན་བྱེད་སྐབས་རློན་ཚོས་དབྱེ་འབྱེད་ལ་མཉམ་འཇོག་དང་། བཟའ་ཆས་ནི་གསར་པ་དང་། གཙང་མ། འཕྲོད་བསྟེན་བཅས་ཡིན་པར་ཁག་ཐེག་བྱེད་དགོས། བཟའ་བཏུང་ཕྱིར་བཙོང་ཟས་རིགས་ལ་འབྲེལ་ཡོད་ཀྱི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ནས། ཟས་སྐྱེལ་བའི་གོ་རིམ་དུ་ནད་དུག་གིས་སྦགས་བཙོག་ཐེབས་པར་སྔོན་འགོག་བྱེད་དགོས་ཤིང་། དེ་དང་ཆབས་ཅིག་ཟ་ཁང་གི་གད་སྙིགས་དོ་དམ་ལ་ཤུགས་བསྣན་ནས་སླར་ཡང་སྦགས་བཙོག་མི་ཐེབས་པར་བྱེད་དགོས།

བརྒྱད། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་། བཟོ་འཚོང་། བཟའ་བཅའ་བཅས་བྱེད་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་པ་དང་། བཟའ་བཅའ་ཚོང་གཉེར་བྱ་ཡུལ་དུ་ཕྱུགས་རིགས་དང་ཁྱིམ་བྱ་སོགས་སྲོག་ཆགས་གསོ་སྐྱོང་དང་བཤའ་བར་གཏན་འགོག་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ3ཚེས15ཉིན།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།