2020ལོའི་ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་ཟི་ལིང་གྲོང་ཁྱེར་གྱིས2020ལོའི་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་དང་ཟི་ལིང་གི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་ནས། ཟི་ལིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་ཀྱི“ཉིན་བརྒྱའི་འགག་སྒྲོལ་དམག་འཐབ”འཛུགས་སྐྲུན་གྱི་ཚ་རླབས་གསར་པ་འཕྱུར་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ལོ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་པ་དང་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ2020ལོར་ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་གཙོ་གནད་རྣམ་གྲངས120བཀོད་སྒྲིག་བྱས་པ་དང་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1398བཏང་བ་དང་། ལོ་འཁོར་གྱི་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར300བཏང་ཡོད་པ་རེད། རྣམ་གྲངས་དེ་ཞིང་འབྲོག་ཆུ་བེད་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་བྱ་གཞག ཚོང་དོན་འཁོར་རྒྱུག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ས་ཁང་བདག་ཁོངས་གསར་སྤེལ། ནུས་རྒྱུ་དང་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད། བཟོ་ལས་བཅས་ཁྱབ་ཁོངས་བརྒྱད་དང་འབྲེལ་བ་ཡོད། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་དེས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་བསྐྲུན་ནས་ས་མཐོའི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི“ཟི་ལིང་ཆེན་མོ”གཏོད་ཆེད་སྔར་བས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་དང་དུས་གཅིག་ཏུ་ལས་འགོ་བཙུགས་པའི་ཟི་ལིང་གི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་ལ། 2019ལོའི་ཟླ12པའི་ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་མདོ་དབུས་མཐོ་སྒང་དུ་ཕྱོགས་བསྡུས་རང་བཞིན་གྱི་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་མེད་པའི་སྟོང་ཆ་བསྐངས་པ་རེད། ཟི་ལིང་གི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་རྣམ་གྲངས་ལས་འགོ་བཙུགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་དམ་འཛིན་གྱིས་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་སྒོ་དབྱེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། ཟི་ལིང་གྲོང་ཁྱེར་གྱིས་འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་ཚོང་འགུག ལས་ཕྱོད་ཆེ་བའི་འཁོར་སྐྱོད་བཅས་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་། སྲིད་ཇུས་གཏན་འབེབས། ཁེ་ལས་སྐྱེད་སྲིང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཟི་ལིང་གི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་གྱི་གཞི་རྟེན་གསར་པ། ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ། ལམ་ལུགས་གསར་གཏོད་ཀྱི་ལས་སྟེགས་གསར་པ་བཅས་བསྐྲུན་པར་ཧུར་ཐག་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མ་འཇོག་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ཀྱི་འཕེལ་རིམ་སྔར་བས་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ཟླ3པའི་ཟླ་མཇུག་གི་སྔོན་དུ་གྲོང་ཁྱེར་ཡོངས་ཀྱི་མཐུད་སྐྲུན་རྣམ་གྲངས100%བསྐྱར་འཛུགས་བྱ་རྒྱུ་དང་། དུས་ཚིགས་དང་པོའི་ལས་འགོ་བསྐྱར་འཛུགས་བྱེད་ཚད60%ཡན་ཟིན་པ་བྱ་རྒྱུ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་ཐོབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་ལ་བརྩོན་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།