མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ཐད་ལ་སྒོར་དུང་ཕྱུར2.5བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རིག་གནས་ཡུལ་སྐོར་ཇེ་མཐོར་གཏོང་བའི་ལས་གྲྭ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལ2020ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར2.5བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཟུང་ལྡན་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འཁུར་བའི་ཞིང་ཆེན་ཐོག་མ་ཡིན་པའི་ངོས་ནས། 2017ལོར་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཆེད་དོན་རྣམ་གྲངས་ལག་ལེན་བསྟར་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར10.66བརྩོན་ལེན་བྱས་པའི་ནང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར8.56དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར2.1བཏང་སྟེ་སྔ་རྗེས་སུ་སྣོད་བཅུད་མ་ལག་དང་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོང་། ལྟ་ཞིབ་སྲུང་སྐྱོང་། ཚན་རིག་ཁྱབ་གདལ། རྨང་གཞིའི་སྒྲིག་བཀོད་མ་ལག་ཅན་སོགས་འཛུགས་སྐྲུན་རྣམ་གྲངས35ལག་བསྟར་བྱས་པ་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཚོད་ལྟའི་ས་ཁོངས་ནང་གི་སྲུང་སྐྱོང་བེད་སྤྱོད་ཀྱི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས། 2020ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་འགན་ལེན་བྱས་པ་དང་ཆབས་ཅིག འདྲ་བཤུས་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མ་ལག་ཆགས་རྒྱུར་ཡང་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།