མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མགོན་པོ་ཚེ་བརྟན་དང་། ཞིང་ཆེན་དམངས་ཆེན་མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཁ་གཏད་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

ལིག་ཐུང་ཏི་ཡིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སྐོར་གྱི་དགོངས་སྙིང་དང་ལག་ལེན་གྱི་བླང་བྱར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ཆེས་མཐོའི་ཚད་གཞི་དང་ལས་ཀའི་གཙོ་གནད། དུས་རབས་ཀྱི་བརྗོད་བྱ། འགན་ལེན་གལ་ཆེན་བཅས་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། དམངས་ཆེན་གྱི་མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་བྱ་བའི་ཁ་ཕྱོགས་ཡང་དག་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཁྱད་ཆོས་དང་ཞིབ་ཚགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཁྲིམས་འཛུགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དཔྱད་གཞིར་འཛིན་པ། འབྱུང་རྩ་ནས་ཞིབ་བཤེར་གྱི་འགག་སྒོ་ནན་མོར་སྲུང་བ། ཁྲིམས་འཛུགས་ཀྱི་བབ་བསྟུན་དབང་ཆ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག》གི་ཁྲིམས་འཛུགས་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ལྟ་སྐུལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་〉ལག་ལེན་མཐར་ཕྱིན་བྱེད་པའི་གཏན་འབེབས་འགའ་ཞིག》ཅེས་པར་མཉམ་འབྲེལ་གྱིས་ལྟ་སྐུལ་ཡག་པོ་བྱེད་པ་དང་། 《་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པར་སྒྲིག་འཛུགས་ཡག་པོ་བྱེད་པ། འཐུས་མི་གཙོ་གྲས་ཀྱིས་གྲོས་འགོ་བཏོན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཆེན་གྱི་མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་ལས་དོན་གྱི་ལྟ་སྐུལ་བྱ་བའི་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བཅས་བྱེད་དགོས་ཟེར།

ལིག་ཐུང་ཏི་ཡིས་བླང་བྱ་བཏོན་དོན། ཁ་གཏད་སྡེ་ཁག་དབར་གྱི་འབྲེལ་གཏུག་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཚོགས་འདུའི་ཐོག་ཕན་ཚུན་འབྲེལ་གཏུག་དང་ཆ་འཕྲིན་སྤེལ་རེས། རྒྱུན་གཏན་འབྲེལ་གཏུག་བཅས་བྱ་རྒྱུ་གཙོ་བོར་བྱེད་པའི་འབྲེལ་གཏུག་ལས་སྟེགས་བསྐྲུན་ནས། ལས་ཀའི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་། འབྲེལ་གཏུག་དང་འབྲེལ་་འདྲིས་ལ་ཤུགས་སྣོན་པ། མི་རིགས་ཕྱིར་སྡོད་རང་མི་ཕྱི་དོན་བྱ་བའི་མཉམ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་དོན་རོགས་རེས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།