མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བྱ་བའི་འགོ་ཡག་པོར་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཟླ་སྨད་དུ་སླེབས་པ་ནས་བཟུང་། གནམ་གཤིས་ཉིན་བཞིན་ཇེ་དྲོར་འགྲོ་བ་དང་ས་གཞི་གཤིན་པོ་དང་འཁྱགས་རོམ་བཞུ་ཚད་སྔར་ལས་ཇེ་མགྱོགས་སུ་འགྲོ་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་དཔྱིད་ཀའི་ཞིང་འདེབས་ལས་དོན་གཅིག་རྗེས་གཉིས་མཐུད་ཀྱིས་འགོ་ཡག་པོར་བརྩམས། ཟླ་གསུམ་པའི་ཚེས་བཅུ་ཉིན་བར། དགུན་གྲོ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་སྔ་རྗེས་སུ་རྒྱུན་གཏན་བཞིན་མཚོ་སྔོན་དུ་དབོར་འདྲེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་སྤྱི་ཆིང་ཁྲི་གཉིས་དང་སྟོང་བརྒྱད་འདེབས་འཛུགས་བྱས་པའི་ནང་། དགུན་གྲོ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་དང་དཔྱིད་འདེབས་ལོ་ཏོག་སྤྱི་ཆིང་ཁྲི་གཅིག་སྟོང་དྲུག་བདུན་བརྒྱ་ཡོད་པ་དེས་ཞིང་ལས་སྐྱེ་དངོས་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི5%ལྷག་ཟིན་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཁྱོན་ཡོངས་ནས་སྤེལ་འགོ་རྩོམ་པའི་འགག་རྩའི་དུས་ཚིགས་སུ་སླེབ་ཡོད་པས། གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་སྐབས་སུའང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་གྲོང་གསེབ་སྡེ་ཁག་གིས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་དང་། ཕྱོགས་གཅིག་ནས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་དམ་འཛིན། ཕྱོགས་གཉིས་ཀ་དམ་འཛིན་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཀྱི་ལས་རིམ་གཉིས་འཐུས་ཤོར་མེད་པའི་ངང་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།