ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་རེའི་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་དོན་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་གློ་ཚད་ཀྱི་རིམས་ནད་གསར་པར་ཁ་གཏད་འཇལ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྟིང་ཐག་གཅོད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར།  “ཞིང་གསུམ”ལས་དོན་བཅས་ལ་གཅིག་གྱུར་བཀོད་འདོམས་ཡག་པོ་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྣམ་པར་རྒྱས་པར་བྱེད་པ་ལ་འགན་ལེན་ཁག་ཐེག་བྱས་མཐར། ལག་ལེན་དངོས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་འབད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཟས་རིགས་ནི་དམངས་ཀྱི་འཚོ་རྟེན་དང་ལས་རིགས་ནི་བདེ་འཇགས་ཡིན། རིམས་ནད་ཀྱིས་བཟོས་པའི་གྱོང་གུད་ཁ་གསབ་བྱས་ཏེ་ཞིང་པར་འགྲོ་ལམ་འཚོལ་བ་དང་། ཞིང་ལས་ཐོན་རྫས་ལ་འགྲོ་ལམ་འཚོལ་བ། ལས་ཀ་ཞིབ་ཕྲ་དང་ཐོན་སྐྱེད་སླར་གསོ་དང་སློབ་གྲྭའི་སློབ་འགོ་བསྐྱར་རྩོམ་བཅས་ཀྱི་ལས་དོན་ཁག་དམ་འཛིན་ནན་མོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། དབུལ་པོ་དབུལ་རྐྱང“གཙང་སེལ”བྱས་པའི་རྨང་གཞིའི་ཐོག་ནས། དབུལ་སྐྱོར་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་དང་ཡང་བསྐྱར་དབུལ་པོར་འགྱུར་བའི་སྣང་ཚུལ་སྔོན་འགོག་སོགས་ཐད་ཀྱི་ཞན་ཆ་གསབ་པ་དང་། ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ། ལས་བསྐྲུན་གྱི་འཇོན་ཐང་ཆེ་རུ་གཏོང་བ། མཁྲེགས་གཏོར་གྱི་འགན་ལེན་ལ་ཤུགས་སྣོན་པ། དབུལ་ཐར་གྱི་སྤུས་ཚད་མཐོ་རུ་གཏོང་བ། སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་ལག་ལེན་ལ་བརྟེན་ནས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ཞན་ཆ་གསབ་པ་བཅས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་ཚད་གཞིར་ལོན་པའི་རྒྱུགས་ལན་འབུལ་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཡག་པོ་གཏོང་བ་དང་། ཁྲོམ་རས་ཁས་ལེན་བྱེད་པའི་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་མིང་གྲགས་ཅན་དུ་མ་ཞིག་གསོ་སྐྱོང་བྱས་ནས། ཞིང་ཕྱུགས་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་ལ་སྔར་ལས་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་གནང་ཡོད་པར་བརྟེན། ཏང་གི་འགོ་ཁྲིད་དང་ལྷག་པར་དུ་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་པ། དམངས་ཆེན་འཐུས་མིའི་ལས་ཀའི་འགན་ལེན་ལ་ཤུགས་སྣོན་པ། དམངས་ཆེན་འཐུས་མིའི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། དམངས་ཆེན་འཐུས་མིའི་ལས་དོན་རྒྱུན་ཆད་མེད་པར་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།