མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། ཆོད་སེམས་སྔར་ལས་བརྟན་པོ་དང་སྟོབས་ཤུགས་སྔར་ལས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ། ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ལག་བསྟར་རེ་བ་བཏོན།

ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཅིན་ཧེ་ཡིས་རིམས་ནད་ཀྱི་གནོད་པ་ཁྱད་སེལ་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་ནས་བཀོད་སྒྲིག་བྱས། ཡུས་ཚོང་ལི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཐིན་ཅཱ་ཚེ་དང་ཝང་ཡུས་ཡན་གཉིས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་གཏན་ཁེལ་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་ཀྱི་དཀའ་ཁག་དང་འགྲན་རྩོད་ལ་ངོས་འཛིན་བྱེད་པ། སྤུས་ཚད་མཐོན་པོས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པའི་བླ་མེད་འགན་འཁྲི་ལ་ངོས་འཛིན་གསལ་བོ་བྱས་ཏེ། ད་ཡོད་ཚད་གཞིའི་འོག་གི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཐར་བྱེད་པའི་དམ་བཅའ་ལ་འགན་ཁུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།

ལིག་ཉིང་གིས་གྲོས་ཚོགས་ལ་འགོ་ཁྲིད་བྱས་ནས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་དགོས། སྲ་བརྟན་མཐོར་འདེགས་བཏང་སྟེ་ལག་བསྟར་དམ་འཛིན་བྱེད་པ་དང་། ཁྱད་ཆོས་འབུར་ཐོན་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་སེལ་བྱེད་པ། འབད་འཐབ་དང་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་ཁྱད་སེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པའི་ཞོར་དུ། སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ་དང་ཞབས་ཞུ་ལེགས་བསྒྱུར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཐོན་ལས་གཏན་འཇགས་སུ་གཏོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དཔྱིད་ཀའི་རྨོ་འདེབས་དམ་འཛིན་བྱེད་པ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱས་ནས། ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་དགོས། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། ཤུགས་ཆེན་པོ་འདོན་པ་དང་བྱ་བ་བཟང་བོར་བསྒྲུབ་པ། རྒྱུན་མཐུད་དང་གཏན་འཇགས་ངང་ཡོང་སྒོ་འཕར་སྣོན་གཏོང་བར་སྐུལ་འདེད་གཏོང་བ། དཔྱད་ཞིབ་ཁྱབ་བཤེར་ནན་མོ་བྱེད་པ། རྗེས་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རིགས་མི་འདྲ་བའི་མཁྲེགས་གཏོར་འགན་སྲུང་སྣ་ཚོགས་ཇེ་དྲག་ཏུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།