ལིག་ཉིང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྤེལ་བའི“ཁོར་ཡུག་བཅོས་སྒྲིག་ཆེ་མོར་མི་ཚང་མ་ཞུགས་པའི”བྱ་འགུལ་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྤེལ་བའི“ཁོར་ཡུག་བཅོས་སྒྲིག་ཆེ་མོར་མི་ཚང་མ་ཞུགས་པའི”བྱ་འགུལ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། “མི་སྣ་གསོ་སྦྱོང་ཆེ་མོ་དང་ལས་གནས་དམག་སྦྱོང་ཆེ་མོ། ཁོར་ཡུག་བཅོས་སྒྲིག་ཆེ་མོ”བཅས་ཀྱི་ལས་དོན་ཏན་ཏིག་གིས་སྤེལ་ནས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་བཏང་ནས་བདེ་ཐང་གི་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་དགོས་ཟེར།

ལིག་ཉིང་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་ཕྱགས་མ་དང་འགྱིག་ཁུག་སོགས་ཀྱི་འཁྱེར་ནས་ཡལ་ག་སྐམ་པོ་དང་རྩྭ་སྙིགས། སར་ལྷུང་བའི་ལོ་མ། གད་སྙིགས་བཅས་གཙང་ཕྱགས་བྱེད་ཞོར་བསམ་ཚུལ་བརྗེ་རེས་བྱས། ལིག་ཉིང་གིས་བཤད་རྒྱུར། མིའི་རིགས་ཁོར་ཡུག་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད་པ་དང་ཁོར་ཡུག་མིའི་རིགས་ལ་བརྟེན་པ་ཡིན་ན་གཞི་ནས་སྲུང་སྐྱོབ་བྱེད་ཐུབ། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་མི་རྣམས་ལ་དཔལ་ཡོན་དང་ལྡན་པའི་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཞིག་ཆགས་རྒྱུར་སྔར་ལས་མཐོང་ཆེན་བྱས་ཏེ། བབ་བསྟུན་ལས་སྒྲུབ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས“མི་སྣ་གསོ་སྦྱོང་ཆེ་མོ་དང་། ལས་གནས་དམག་སྦྱོང་ཆེ་མོ། ཁོར་ཡུག་བཅོས་སྒྲིག་ཆེ་མོ”བཅས་ཀྱི་ལས་དོན་སྤེལ་བ་བརྒྱུད་དེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་གཏོང་བ་དང་རང་གི་ཉེ་འགྲམ་གྱི་ཁོར་ཡུག་ནས་འགོ་བརྩམས་ནས། མི་སྡོད་ཁོར་ཡུག་བཅོས་སྒྲིག་ཏན་ཏིག་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། གློ་ཚད་གསར་པ་དང་དེ་བཞིན་འགོས་ནད་གཞན་དག་མཆེད་རྒྱུ་བཀག་འགོག་ནུས་ལྡན་བྱས་ཏེ། མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་དང་ཡན་ཅིན་ཧེ། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས་བཅས་གོང་གསལ་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།