ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དོ་དམ་བྱ་བར་རྟོག་ཞིབ་མཛུབ་སྟོན་ཞིབ་བཤེར་བྱས་པ་ལས་གཞན། དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྤྲུལ་སྐུ། གྲྭ་པའི་འཐུས་མི། དགོན་སྡེའི་བཅའ་སྡོད་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མུ་མཐུད་དུ་དམ་པོར་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་གློ་ཚད་ཀྱི་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “གནས་སྐབས་མཚམས་འཇོག་དགོས་པ་གཉིས་དང་འགོར་འགྱངས་གཏོང་དགོས་པ་གཅིག”སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། དགོན་སྡེའི་བཅའ་སྡོད་ལས་བྱེད་པས་རང་འགན་གཙང་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ་གྲྭ་དམངས་ཀྱི་བསམ་བློའི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་བཅས་བྱས་ནས་དགོན་སྡེའི་འཆམ་མཐུན་བརྟན་འཇགས་ལ་འགན་ལེན་བྱེད་དགོས་ཟེར།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།