«གཅན་ཚའི་སློབ་གསོ»འདོན་ཐེངས་གསུམ་པའི་རྩོམ་བསྡུ་བརྡ་ཐོ།

དུས་རབས་གསར་པའི་ཏང་གི་སློབ་གསོའི་བྱ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བ་དང་།  ས་གནས་སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་ཡང་དག ། སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་གསར་བསྒྱུར། སློབ་གྲྭའི་བདག་གཉེར་གྱི་དོ་དམ་ཚད་ལྡན།   སློབ་གསོའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་པ་བཅས་ལ་དམིགས་ཏེ།   གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་བདག་དང་། གཅན་ཚ་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ།  སློབ་གསོ་ཞིབ་འཇུག་ཁང་གིས་འགན་སྒྲུབ་གནང་སྟེ། «གཅན་ཚའི་སློབ་གསོ»ལོ་ཕྱེད་དེབ་སྤྱི་དེབ་གསུམ་པ་འདོན་འཆར་ཡོད་པས།  རང་རྫོང་གཙོས་བོད་ཁམས་ཀྱི་སློབ་གསོ་ལས་གནས་སྟེང་གི་དགེ་རྒན་ཡོངས་དང་།  སློབ་གསོ་ལས་དོན་ལ་སེམས་ཁུར་དང་དོ་སྣང་བྱེད་པའི་རྩོམ་མཁན་དག་གིས་རང་ཉིད་ཀྱི་སློབ་གསོ་བསྒྲུབས་པའི་གོ་མྱོང་རྟོགས་གསུམ་དང་འབྲེལ་བའི་སློབ་གསོ་སློབ་ཁྲིད་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་དང་། སློབ་གསོ་དོ་དམ་གྱི་མྱོང་རྩོམ།  སློབ་གསོ་མི་སྣ་གྲགས་ཅན་ལ་བཅར་འདྲི་བྱས་པའི་རེག་ཟིག སློབ་ཚན་གྱི་ཁྲིད་ཡིག སློབ་ཚན་དཔྱད་བརྗོད།  སློབ་གསོའི་བརྟག་དཔྱད་སྙན་ཞུ། སློབ་གསོའི་སྲོལ་རྒྱུན་ལེགས་བཤད།  སློབ་གསོའི་ལེགས་རྩོམ་བསྒྱུར་མ།  སློབ་གསོ་ཆེད་མཁས་པ་དང་ས་གནས་ཀྱི་དགེ་རྒན་མིང་གྲགས་ཅན། གྲགས་རྩོམ་འོས་སྦྱོར་སོགས་ཀྱི་རྩོམ་ཡིག་ཡོད་ཚེ་འདི་ག་རྩོམ་སྒྲིག་ཁང་དུ་སྐུར་དང་།  སློབ་གསོའི་གནས་བབ་དངོས་དང་མཐུན་ཚེ་དུས་དེབ་ཏུ་དགོད་ངེས་པར་མ་ཟད། དཔར་ཟིན་པའི་དུས་དེབ་དང་རྩོམ་ཡོན་དུས་ལྟར་རྩོམ་མཁན་གྱི་ཕྱག་ཏུ་དབུལ་ངེས།  གཞན་རྩོམ་ཡིག་བསྐུར་དུས་མཉམ་འཇོག་བྱེད་དགོས་ས་དང་དགོས་ངེས་ཀྱི་རེ་བ་ཁག་གཤམ་གསལ་ལྟར།

1. ཆབ་སྲིད་དང་ཁྲིམས་ལུགས་ལ་འགལ་བ་དང་། ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་དང་ཡུལ་ཕྱོགས་ཀྱི་འགལ་བ་སློང་བའི་ནང་དོན་ཡོངས་སུ་སྤང་བར་བྱའོ།།

2.རྩོམ་ཡིག་གི་ནང་དོན་གནད་བསྡུས་དང་། གནད་ཚིག། ལྷུག་པའི་ག་མཐར་ཤད་འཇོག་པ།  ལུང་ཁུངས། རྩོམ་མཁན་གྱི་ལས་ཁུངས་བཅས་ཁ་གསལ་བོར་འབྲི་བར་བྱའོ།།

3.རྩོམ་ཡིག་ཏུ་ཨ་རབ་ཀྱི་ཨང་ཀི་བཀོལ་བ་དང་། ལུང་ཚིག་ལ་འདྲེན་རྟགས་འདི“”དགོད་པར་བྱའོ།།

4.རྩོམ་ཡིག་དང་བསྒྱུར་རྩོམ་ལ་བརྡ་ཆད་ཚད་ལྡན་བཀོལ་བ་དང་། གང་ཐུབ་ཀྱིས་སྤྱི་སྐད་ལ་གཞོལ་བར་འབད་དེ་བོད་མདོ་དབུས་ཁམས་གསུམ་གྱིས་བཀླགས་ན་གོ་བར་བྱའོ།།

5.རྩོམ་མཁན་གྱི་དངོས་མིང་དང་ས་གནས།  ཁ་པར་ཨང་གྲངས།  རྩོམ་གྱི་ཁ་བྱང་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་ཏེ་བསྐུར་བར་བྱའོ།།

6.སློབ་གྲྭའི་སློབ་གསོ་དང་། སློབ་ཁང་སློབ་ཁྲིད་སོགས་ཀྱི་གནད་དོན་གླེང་བ་ལ་སྤྱི་བཤད་དང་བམ་བཤད་མ་ཡིན་པར་བྱེ་བྲག་གིས་དཔྱད་པ་བཏང་བའི་རྩོམ་ཡིག་ཡིན་དགོས་སོ།།

7.རྩོམ་ཡིག་གི་དག་ཆ་དང་ནང་དོན་ལ་རྩོམ་མཁན་རང་ཉིད་ཀྱིས་འགན་ཁུར་དགོས་པར་མ་ཟད།  དུས་དེབ་སྣ་ཚོགས་དང་ཚགས་པར་སོགས་སུ་བཀོད་མ་མྱོང་པའི་གསར་རྩོམ་ཡིན་དགོས་སོ།།

8.ལོ་ཕྱེད་དེབ་འདི་ལོ་སྟོད་ཀྱི་ཟླ6པའི་ཚེས30ཉིན་བར་པར་བསྐྲུན་བྱ་འཆར་ཡོད་པས།  རྩོམ་མཁན་དག་གིས་ཟླ5པའི་ཚེས10ཡི་ཡར་སྔོན་དུ་ཧི་གཟུགས་ཀྱི་ལམ་ནས་འདི་ག་རྩོམ་སྒྲིག་ཁང་ལ་བསྐུར་རྒྱུ་མཁྱེན་ནོ།།

9.རྩོམ་ཡིག་བསྐུར་ཡུལ་ནི་གཅན་ཚ་རྫོང་སློབ་གསོ་ཅུའུ་སློབ་གསོ་ཞིབ་འཇུག་ཁང(青海省黄南州尖扎县教育研究室《尖扎教育》采编部)ཡིན་ལ།  སྦྲག་སྲིད་ཨང་གྲངས811299ཡིན།

10 ཡིག་ཟམ495254286@qq.comདང1121312012@qq.comགང་རུང་བརྒྱུད་དེ་བསྐུར་ནའང་ཆོག་གོ།།

11.འབྲེལ་གཏུགས་བྱ་ཡུལ། ཚེ་རིང་བཀྲ་ཤིས། 15909737956 པདྨ་རྡོ་རྗེ། 18097036663

«གཅན་ཚའི་སློབ་གསོ»རྩོམ་སྒྲིག་ཁང་ནས།

2020ལོའི་ཟླ3ཚེས16ཉིན།  

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།