མཚོ་ལྷོ་ཁུལ་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལི་ཡུན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས9ཉིན། མཚོ་སྔོན་པཎྜིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ལ་རིན་ཐང་སྒོར་ཁྲི30ཡི་དངོས་ཟོག་སྟེ། པཎྜི་ཏ་སློབ་གསོ་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་མ་ལག་དང་པཎྜིཏ་ལག་ཐོགས་རྩིས་འཁོར200ཞལ་འདེབས་སུ་ཕུལ་ནས། མཚོ་ལྷོ་ཁུལ་གྱི་སློབ་མ་ཁག་གཅིག་གིས་དྲ་ཐོག་སློབ་ཁྲིད་ནང་ཞུགས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས།
འདི་ལོའི་ལོ་སྟོད་ལ། ཚབས་ཆེ་བའི་གློ་ཚད་རིམས་ནད་ཀྱིས་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་འཆར་གཞི་ནར་འགྱངས་བཏང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ཁྲིད་མཚམས་བཞག་ཀྱང་བསླབ་མཚམས་མི་འཇོག་པའི་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་མགྱོགས་མྱུར་གྱིས་དྲ་ཐོག་སློབ་ཁྲིད་སྒྲུབ། ཐེངས་འདིར་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་འགན་ཡོད་ཀུང་ཟིས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བརྐྱངས་ནས། པཎྜིཏ་སློབ་གསོ་ཆ་འཕྲིན་ཅན་གྱི་མ་ལག་དང་པཎྜིཏ་ལག་ཐོགས་རྩིས་འཁོར200ཞལ་འདེབས་སུ་ཕུལ་ནས། བྱིས་པ་རྣམས་ཀྱིས་དུས་ལྟར་སློབ་ཁྲིད་ལ་ཉན་ཐུབ་པར་རོགས་འདེགས་བྱས།
ཀུང་ཟིའི་ཏུང་ཧྲི་ཀྲང་དཔའ་རྒོད་ཚེ་རིང་གིས། ཐེངས་འདིའི་རིམས་ནད་འགོག་བཅོས་ཀྱི་དམིགས་བསལ་དུས་སྐབས་སུ། སློབ་གྲྭའི་རིམས་འགོག་གི་འགན་འཁྲི་ཧ་ཅང་ལྕི་བས། ཁེ་ལས་པ་ཞིག་གི་ངོས་ནས་ང་ཚོས་ངེས་པར་ཏུ་འགན་འཁྲི་འཁུར་རོགས་བྱས་ནས་རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་རང་ནུས་ཅི་ལྕོག་གིས་ནུས་པ་འདོན་དགོས་པ་མ་ཟད། ཐེངས་འདིའི་རིམས་འགོག་གི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པ་ཁོ་བོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།
མཚོ་ལྷོ་ཁུལ་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལི་ཡུན་གྱིས་སློབ་གསོ་ཅུའུ་ཡི་ཚབ་ཏུ་ཞལ་འདེབས་དང་ལེན་བྱས་ཤིང་། ཁོས་བཤད་རྒྱུར། རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་གཅིག་ཏུ་འདུས་པ་ནི་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་བརྩེ་སེམས་རེད། དངོས་ཟོག་འདི་དག་གིས་སློབ་གྲྭའི་དྲ་ཐོག་སློབ་ཁྲིད་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་མ་ཟད། ང་ཚོས་གཅེས་སེམས་ཁེ་ལས་ཀྱིས་སློབ་གྲྭར་ཐུགས་ཁུར་དང་རོགས་རམ་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་བླ་མེད་ཀྱི་གུས་འདུད་ཞུ་རྒྱུ་ཡིན། སློབ་གྲྭའི་ཐད་ནས་ཞལ་འདེབས་སུ་ཕུལ་བའི་རིམས་འགོག་དངོས་ཟོག་མཐའ་དག་ལ་དོ་དམ་ནན་མོ་བྱས་ཏེ་ཚང་མ་སློབ་རའི་ནད་ཡམས་སྔོན་འགོག་དང་ནད་ཡམས་འགོག་པའི་ཐད་སྤྱད་དེ། ཕྱོགས་ཡོངས་ནས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བྱ་བ་མཐའ་འཁྱོངས་བྱེད་དགོས”ཞེས་བརྗོད་དོ།།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཚོ་སྔོན་པཎྜིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་ཐད་རིན་ཐང་སྒོར་ཁྲི30ཡི་པཎྜིཏ་ལག་ཐོགས་རྩིས་འཁོར200ཞལ་འདེབས་ཕུལ།