ཁོང་ཡུང་གིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར།     ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར།    ཧྲིན་ཀྲང་གཞོན་པ།   ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རིམས་ནད་འགོག་བཅོས་དང་ཁེ་ལས་གཙོ་བོའི་ལས་མགོ་རྩོམ་པ།   ལས་གཞི་གཙོ་བོ་ཡང་བསྐྱར་ལས་མགོ་ཚུགས་པ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཁོང་ཡུང་སྔ་གཞུག་ཏུ་མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་ཐ་མག་ཀུང་ཟི་མགོ་ལོག་ཀུང་ཟི།  མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སོགས་སུ་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་དང་།   རིམས་ནད་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱས་པ་དང་སློབ་གྲྭའི་སློབ་མགོ་རྩོམ་པ།   ཁེ་ལས་དང་ཚོང་ལས་ཀྱིས་ལས་མགོ་རྩོམ་པ་དང་ལས་གཉེར་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད།      བྱ་བའི་སྙན་ཞུ་ལ་ཉན་པ་དང་བྱ་བའི་ཐད་ནས་བླང་བྱ་བཏོན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན།  མགོ་ལོག་ཁུལ་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེན་མོ་ཡིན་ལ།  མཐའ་འཁོར་ཞིང་ཆེན་གྱི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་བ་དང་།  ལྷག་པར་དུ་ཉེ་བའི་དུས་སྐབས་ནང་ཁེ་ལས་ཀྱི་ལས་མགོ་བསྐྱར་རྩོམ་བྱས་ཏེ་ཕྱིར་ལས་གནས་སྟེང་ལོག་པའི་མི་སྣ་མང་བས།    རིམས་ནད་ནང་དུ་མཆེད་པ་འགོག་པའི་ལས་འགན་སྔར་བཞིན་ཧ་ཅང་ལྕི།  འབྲེལ་ཡོད་ཕྱོགས་སོ་སོས་དུས་ངེས་མེད་དུ་དོགས་ཟོན་རང་བཞིན་མཐོར་འདེགས་དང་རིམས་ནད་འགོག་བཅོས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་རྒྱལ་ཁ་མཐའ་གཅིག་ཏུ་མ་ཐོབ་ཚེ་རང་དགར་ལེགས་གྲུབ་བྱུང་སོང་ཟེར་མི་རུང་།   མིག་སྔར་རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་གནས་བབ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པས།   རིམས་ནད་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་།    ལྷོད་གཡེང་མེད་པར་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་པའི་རྨང་གཞིའི་སྟེང་རང་འགུལ་གྱིས་བྱ་བའི་གཙོ་གནད་ལེགས་སྒྲིག་བྱེད་དགོས་པ་དང་།     ཚན་རིག་ལྟར་ཁེ་ལས་ཀྱི་ལས་མགོ་རྩོམ་པ་དང་སློབ་མགོ་རྩོམ་པ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་སྟེ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱལ་ཁ་ཐོབ་པར་བྱེད་དགོས།  དེར་མ་ཟད།  ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་དང་གཞི་རྩའི་དམངས་ཚིས་འགན་སྲུང་།     ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་འཆར་འགོད།  བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་བྱ་བ་དམ་འཛིན་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཚད་ཆེན་པོས་ཇེ་དམར་གཏོང་དགོས་པ་དང་།   དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།