མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བདེ་འཇགས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མེ་སྐྱོན་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་ཚད་མཐའ་དམ་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་སྤྱི་ཁོག་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་མྱུར་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། མེ་འགོག་མེ་གསོད་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་འགན་སྲུང་གལ་ཆེན་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་མེ་འགོག་མེ་གསོད་བདེ་འཇགས་ཐད་ཀྱི་ཛ་དྲག་གནས་བབ་ལ་རྒྱུས་ལོན་གང་ལེགས་བྱེད་པ་དང་། དུས་ནམ་ཡང་མེ་འགོག་མེ་གསོད་བདེ་འཇགས་བྱ་བར་དམ་འཛིན་བྱས་ནས། མེ་སྐྱོན་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ཏང་སྲིད་གཉིས་ཀྱིས་འགན་མཉམ་ཁུར་བྱེད་པ་དང་ལས་རྐང་གཅིག་སྟེང་འགན་འཁྲི་གཉིས་ཁུར་བ། འགན་འཛོལ་བྱས་རྗེས་འགན་འཁྲི་རྩད་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་བདག་གསུམ་དང་ཡོངས་བསྒྲགས་གཉིས། ཁས་ལེན་གཅིག་ལག་བསྟར་ནན་མོ་བྱས་ཏེ། མེ་འགོག་མེ་གསོད་བདེ་འཇགས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། སྔོན་འགོག་གཙོར་འཛིན་པ་དང་འགོག་གསོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནམ་ཡང་མེ་འགོག་མེ་གསོད་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ནས། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་རང་འགུལ་དབང་ཆ་ལག་ཏུ་འཛིན་དགོས། མེ་འགོག་མེ་གསོད་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མེ་འགོག་མེ་གསོད་ལྟ་སྐུལ་རྣམ་པར་གསར་གཏོད་བྱེད་པ། འཕྲལ་བསྟུན་མྱུར་སྐྱོབ་སྟོབས་ཤུགས་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། མེ་འགོག་མེ་གསོད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཏོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་ཚོད་འཛིན་དང་མེ་འགོག་མེ་གསོད་བདེ་འཇགས་བྱ་བར་དམ་འཛིན་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་ས་གནས་གཙོ་བོར་དོ་སྣང་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།