མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་དུ་དབྱི་སི་ལན་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དབྱི་སི་ལན་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་བྱས།

འབྲེལ་ཡོད་ལས་དོན་ཡར་ཞུ་བྱས་པར་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་དབྱི་སི་ལན་ཆོས་ལུགས་མཚོ་སྔོན་དུ་དར་ནས་ལོ་ངོ་སྟོང་ཙམ་སོང་ཞིང་། བོད་བརྒྱུད་ནང་བསྟན་གྱི་རིག་གནས་དང་ཙོང་ཆུའི་རིག་གནས་སོགས་དང་ཕན་ཚུན་མཉམ་འདྲེས་དང་འཆམ་མཐུན་མཉམ་གནས་བྱས་པས། རྒྱ་ཆེའི་མུའུ་སི་ལིན་མང་ཚོགས་དང་མི་རིགས་སོ་སོའི་མི་དམངས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་བཅས་བྱུང་ཡོད། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཡོངས་ལ་དམིགས་པ་དང་བྱས་རྗེས་འབུལ་བར་དོ་སྣང་བྱས་ནས་ཏང་ཨུ་དང་སྲིད་གཞུང་དང་བློ་ཁ་གཅིག་མཐུན་དང་དཀའ་ངལ་མཉམ་སེལ་གྱིས་མ་དངུལ་དང་དངོས་ཟོག་ཞལ་འདེབས་སུ་ཕུལ་ནས་མི་རིགས་ཁག་གིས་མཐུན་སྒྲིལ་རོགས་རེས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་དང་།  བཏང་སྙོམས་བཟོད་སྒོམ། ཉེན་སེལ་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་མངོན་པར་བྱས་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་དབྱི་སི་ལན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ངང་དགོན་སྡེ་ཕྱེས་རྒྱུ་མཐའ་འཁྱོངས་ཀྱིས་གསར་དུ་རྩོམ་སྒྲིག་བྱས་པའི་ཝོར་ཙེ་སྒྲོག་འགྲེལ་དང་ཨ་དཔོན་གྱིས་ལག་ཁྱེར་འཁྱེར་ནས་བསླབ་བྱ་གནང་བ་སོགས་ཀྱི་གྲུབ་འབྲས་ཉམས་མྱོང་སྲ་བརྟན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཡག་པོ་བྱེད་པ། མིག་དཔེ་བཟང་པོ་སྟོན་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོ་ཕན་ཚུན་བརྩི་འཇོག་དང་། དཀྱེལ་ཡངས། མཐུན་སྒྲིལ། ཞི་མཐུན་མཉམ་གནས། མཛའ་མཐུན་མཉམ་གནས་བཅས་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་ཡོད་མེད་དང་། དད་ལྡན་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་མེད། དབྱི་སི་ལན་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་ཕན་ཐོགས་ཡོད་མེད་བཅས་ཀྱི་ཐོག་ནས་ཆོས་ལུགས་གསལ་འགྲེལ་ལས་དོན་སྔར་ལས་ལེགས་པར་བསྒྲུབ་དགོས་པ་དང་། མཐུན་སྒྲིལ་རོགས་རེས་དང་སྒོ་འབྱེད་དཀྱེལ་ཡངས་ལ་དང་དོད་མང་ཙམ་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྲུང་སྐྱོང་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།