ཝང་ཅན་ཅུན་དང་ལིག་ཉིང་གིས་མཚོ་སྔོན་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་དུ་སོང་བའི་སྨན་བཅོས་ལས་དོན་མི་སྣས་ཕ་ཡུལ་མི་དམངས་ལ་བསྐུར་བའི་འཕྲིན་ཡིག་ལ་ཁས་ལེན་ཡང་དག་བྱས་པ་དང་ལྷག་བསམ་གྱི་སྨོན་འདུན་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་སོང་བའི་སྨན་བཅོས་རུ་ཁག་དང་པོ་དང་གཉིས་པའི་རུ་མི་ཡོངས་ཀྱིས་ཕྱིར་ཕ་ཡུལ་ལ་འཕྲིན་ཡིག་བསྐུར་བ་དང་། འཕྲིན་ཡིག་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བཀའ་དྲིན་ཞུས་པར་མ་ཟད། མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་དཀའ་ཁག་མཉམ་སེལ། རིམས་ནད་ལས་རྣམ་པར་རྒྱལ་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་མཚོན་པར་བྱས།

ཟླ་གསུམ་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་སོང་བའི་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་དང་པོ་དང་རུ་ཁག་གཉིས་པའི་སྨན་བཅོས་ཁོངས་མི་ཡོངས་ཀྱིས་བསྐུར་བའི།《ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཕ་ཡུལ་མི་དམངས་བཅས་ལ་སྤྲིངས་པའི་འཕྲིན》ཞེས་པར་ཁས་ལེན་གང་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་སྟེ། དམིགས་བསལ་གྱི་འཕྲིན་ཡིག་དེའི་ཡིག་འབྲུ་རེ་རེས་དཔའ་ངར་ཞུམ་མེད་དང་བརྩེ་སེམས་ཆེན་པོ། བློས་གཏོང་ཆེན་པོ། གཟི་བརྗིད་ལྡན་པ། སྟོབས་ཤུགས་བཅས་བརྒྱུད་སྤྲོད་བྱེད་བཞིན་ཡོད་པ་ནི་རིམས་འགོག་གི་རྒྱལ་ཁའི་གཏམ་བཟང་ཞིག་རེད་ལ། མིག་དཔེ་གསར་པ་ཞིག་ཀྱང་རེད། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་ལུགས་བརྒྱུད་བསྒྲགས་གནང་རོགས་བྱེད་རྒྱུ་ཡིན་པར་མ་ཟད། རུ་མི་ཡོངས་སྐུ་གཟུགས་བདེ་ཐང་དང་རྒྱལ་ཁའི་ངང་ཕྱིར་ལོག་པར་སྨོན་འདུན་ཞུས།

ཟླ་གསུམ་པའི་ཚེས་བདུན་ཉིན། ཧྲིན་ཀྲང་ལིག་ཉིང་གིས་གདེང་འཇོག་ཚད་མཐོན་པོ་བྱས་ནས་བཤད་རྒྱུར། འཕྲིན་ཡིག་གི་ནང་དོན་དོན་དངོས་དང་མཐུན་ལ་མི་སེམས་འགུལ་བ་ཞིག་རེད། ཕན་འབྲས་མངོན་གསལ་དོད་པོས་ཝུའུ་ཧན་གྱི་རིམས་འགོག་དམག་འཁྲུག་ལ་འགན་ཁུར་ནས་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད། སྨན་བཅོས་ཁོངས་མི་ཡོངས་ཀྱི་ཞུམ་མེད་ཀྱི་ལས་དོན་དང་དཀའ་སྤྱད་འབད་བརྩོན་གྱིས་ཚེ་སྲོག་བསྐྱབས་པ་དང་འཕྲོད་བསྟེན་བདེ་ཐང་ལ་འདེགས་སྐྱོར་བྱས་ཡོད། བློས་གཏོང་དེ་འདྲའི་མང་པོ་ཞིག་བྱས་ཀྱང་ཁོ་ཚོས་རང་ཉིད་དཔའ་བོ་ཡིན་སྣང་སྐྱེས་མི་སྲིད་ནའང་། ཁོ་ཚོས་བསྒྲུབས་པའི་བྱ་བ་དངོས་གནས་རླབས་ཆེན་རེད་ཟེར།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཕ་ཡུལ་མི་དམངས་བཅས་ལ་བསྐུར་བའི་འཕྲིན།

གུས་པར་འོས་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཕ་ཡུལ་མི་དམངས་བཅས་ཀྱི་སྙན་ལམ་དུ་ཞུ་གསོལ།

ང་ཚོ་ཝུའུ་ཧན་དུ་འབྱོར་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལས་ཀ་དང་འཚོ་བར་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་མགྱོགས་མྱུར་ངང་ང་ཚོར་འཚམས་འདྲིའི་ཡི་གེ་བཏང་སྟེ། ང་ཚོར་སྐུལ་ལྕག་དང་ཐུགས་ཁུར་བྱས་ནས་སེམས་ཀྱི་དྲོད་ཁོལ་ཚོར་དུ་བཅུག་པ་ལས་གཞན། འཐབ་འཛིང་གི་སྟོབས་ཤུགས་སྔར་ལས་ཆེ་རུ་བསྐྱེད། སྤྱི་ཚོགས་ལས་རིགས་ཁག་གིས་ལེ་དབར་སྟོང་གི་ས་ནས་ང་ཚོར་སྨན་བཅོས་དང་འཚོ་བའི་དངོས་ཟོག་བསྐྱལ་ནས་ང་ཚོར་འགན་ལེན་ལེགས་པོ་བྱས་ཡོད། བསམ་སྦྱོར་དེ་དག་གིས་ང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་དུ་འཕེལ་བར་བྱས་པས། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཕྱོགས་གཅིག་དཀའ་ངལ་ལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱ་རྒྱུ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་བཤད་ན། བར་ཐག་རི་ཆུ་སྟོང་གིས་བཅད་ཡོད་ཀྱང་རུང་། རྒྱལ་ཁབ་ཉེན་ཁར་འཕྲད་ན། བུ་ཕྲུག་གིས་ངེས་པར་དུ་འགན་འཁུར་དགོས། ཝུའུ་ཧན་དུ་འབྱོར་མ་ཐག་ང་ཚོས་འཕྲལ་དུ་སྐྱོབ་བཅོས་ལས་དོན་ནང་ཞུགས་ནས་ཉིན་མཚན་བལྟོས་མེད་ངང་རེས་སྐོར་དམག་འཐབ་བྱས་ཏེ། དུས་ཚོད་དང་འགྲན་རེས་བྱས་ནས་ནད་གདོན་ཚར་གཅོད་བྱེད་རོགས་བྱས། ད་ལྟ་ང་ཚོའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་དང་ལས་ཀར་ཝུའུ་ཧན་མི་དམངས་ཀྱི་བསྔགས་བརྗོད་ཐོབ་ཡོད།

མིག་སྔར་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྔར་བཞིན་དཀའ་ཚེགས་ཆེ་ཤོས་ཀྱི་དུས་མཚམས་སུ་གནས་ཡོད། ཝུའུ་ཧན་རྒྱལ་ན་ཧུའུ་པེ་ལ་རྒྱལ་ཁ་ཐོབ་པ་དང་། ཧུའུ་པེ་རིམས་ནད་ལས་རྒྱལ་ན་རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ་པ་ཡིན་པས། ང་ཚོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས། སེལ་མི་ཐུབ་པའི་དཀའ་ངལ་དང་བརྒལ་མི་ཐུབ་པའི་འགག་སྒོ་མེད་པར་ང་ཚོ་ལ་ཡིད་ཆེས་བརྟན་པོ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཐུགས་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ། རིམས་ནད་ཀྱི་གཡུལ་འགྱེད་ལ་རྒྱལ་ཁ་མ་ཐོབ་བར་དུ་དམག་གཏན་ནས་ཕྱིར་འཐེན་མི་བྱེད་པ། མཚོ་སྔོན་གྱི་སྣང་བརྙན་ལེགས་པོ་ཕྱོགས་དུ་མ་ནས་མངོན་པར་བྱེད་པ། མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། ཕན་ཚུན་རོགས་རམ་དང་ཕན་ཚུན་སེམས་ཁུར། འགོག་སྲུང་ལ་ཤུགས་སྣོན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་འབུལ་རྒྱུ་ཡིན་ཟེར།

ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྩ་མེད་དུ་གཏོང་བ་བཞི་མངོན་འགྱུར་བྱུང་བ་དང་། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་ཡོད་པས། ཚང་མ་ཧ་ཅང་དགའ་པོ་བྱུང་། ཕ་ཡུལ་བརྟན་འཇགས་དང་ནང་མི་བདེ་འཇགས་བྱུང་བ་ཡིན་ན། ང་ཚོའི་སེམས་པ་སྔར་ལས་བརྟན་པོ་ཡོང་ཐུབ། ང་ཚོས་ཚང་མ་དང་མཉམ་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དང་། བདེ་ལེགས་ངང་ཕྱིར་ལོག་བྱས་ཏེ། སྤྲོ་སེམས་ཀྱིས་ཁེངས་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ཕ་ཡུལ་གྱི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

མཇུག་མཐར། ལྷག་བསམ་རྣམ་དག་གི་སྒོ་ནས་བཀའ་དྲིན་ཞུས་པ་ཡིན།

མཚོ་སྔོན་ཞིང་ཆེན་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་སོང་བའི་སྨན་བཅོས་རུ་ཁག་དང་པོ་དང་གཉིས་པའི་ཁོངས་མི་ཡོངས་ཀྱིས།

2020ལོའི་ཟླ3་པའི་ཚེས1་ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།