མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་བྱ་ཐབས་དྲུག་གིས་བཟའ་བཏུང་ལས་རིགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི《ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་ཆེད། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས། ཐོན་སྐྱེད་བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བྱ་ཐབས་དྲུག་སྤྱད་དེ་བཟའ་བཏུང་ཁེ་ལས་ཕྱོགས་ཡོངས་ནས་ལས་གཉེར་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

གཅིག ཁོངས་གཏོགས་ས་ཁུལ་གྱི་བཟའ་བཏུང་ཁེ་ལས་ལ་མཐིལ་རྟོགས་གྲལ་བཤེར་བྱས་ནས་ཁེ་ལས་སོ་སོའི་ལས་འགོ་བསྐྱར་ཚུགས་ཀྱི་དུས་ཚོད་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས། བཟའ་བཏུང་ལས་རིགས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་གཙོ་གནད་ལ་དམིགས་ནས་ལས་ཀའི་ལག་དེབ་སྤྲོད་པ་དང་། སྐད་འཕྲིན། པོད་འཕྲིན། རླུང་འཕྲིན། བརྙན་འཕྲིན་སོགས་སྨྱན་སྦྱོར་སྤྱད་དེ་གཙོ་གནད་དྲིལ་བསྒྲགས་བྱས། 

གཉིས། དྲ་ཐོག་གསོ་སྦྱོང་སློབ་ཚན་འོས་སྦྱོར་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་གསོ་སྦྱོང་སྟབས་བདེ་ཡོང་བ་བྱས། རིམས་ནད་བྱུང་རིང་དུས་བཀག་ཏུ་ཐོན་པའི་བདེ་འཇགས་ཐོན་སྐྱེད་དོ་དམ་མི་སྣ་དང་དམིགས་བསལ་ལས་སྒྲུབ་མི་སྣའི་འབྲེལ་ཡོད་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཕྱི་སྣུར་བྱས་ནས་རིམས་ནད་མཇུག་འགྲིལ་རྗེས་གསོ་སྦྱོང་བྱས་ནས་ཁ་གསབ་བྱས་ཆོག གསར་དུ་ཞུགས་པའི་ལས་བཟོ་བར་གསོ་སྦྱོང་བྱེད་པར་བཟའ་བཏུང་ཁེ་ལས་ཀྱིས་དོན་དངོས་ལ་གཞིགས་ནས“གཅིག་ལ་གཅིག་གཏད”དང་དྲ་ཐོག་གསོ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་རང་བརྟེན་ངང་གསོ་སྦྱོང་རྩ་འཛུགས་བྱས། 

གསུམ། རང་འགུལ་ངང་ས་གནས་སྲིད་གཞུང་ཀྱིས་ཁེ་ལས་ལ་དུག་སེལ་རིམས་འགོག་གི་མཁོ་ཆས་མཐུན་སྦྱོར་བྱེད་པར་གཞོགས་འདེགས་བྱས་ནས་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་གཉེར་ཉིས་ལྕོགས་བྱ་རྒྱུར་མཛུབ་ཁྲིད་བྱས། 

བཞི། ཆེད་མཁས་པ་སྒོ་རྩར་ཞབས་ཕྱིར་སོང་ནས་རང་འགུལ་ངང་མེ་ཟོན་དང་འབར་རླངས་སོགས་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ། ལས་འགོ་བསྐྱར་ཚུགས་ཐུབ་པའི་བཟའ་བཏུང་ཁེ་ལས་ལ་རོགས་རམ་བྱས་ནས་འབར་རླངས་བེད་སྤྱོད་དང་། གློག་སྤྱོད་བདེ་འཇགས། ཨན་དང་འབྲེལ་བ་ཡོད་པའི་འཁྱག་བཟོ། མེ་ཟོན་བགྲོད་ལམ་སོགས་གཙོ་གནད་དུ་བཟུང་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་རོགས་བྱས་ཏེ་བཟའ་བཏུང་ཁེ་ལས་ཀྱི་བདེ་འཇགས་ལས་གཉེར་ལ་འགན་ལེན་བྱས། 

ལྔ། ཆེད་བསྐོས་མི་སྣས་བཟའ་བཏུང་ཁེ་ལས་ཀྱི་ཁྱོན་ཡོངས་ཀྱི་ལས་གཉེར་ཁྲོད་གནས་པའི་བདེ་འཇགས་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས། 

དྲུག དུས་ངེས་མེད་དུ་བཟའ་བཏུང་ལས་རིགས་ཀྱི་ལས་འགོ་བསྐྱར་ཚུགས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ།  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།