མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ཆེད་དུ་རྩ་འཛུགས་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། སློབ་གྲྭ་ཆུང་འབྲིང་ཁག་ཅིག་གི་སློབ་གཙོ་དང་སློབ་མའི་ཁྱིམ་བདག་གི་འཐུས་མི་བཅས་དང་ལྷན་དུ་བཞུགས་མོལ་བྱས་ཏེ། བྱ་བའི་སྙན་ཞུར་ཉན་པ་དང་སློབ་གྲྭ་ཆུང་འབྲིང་གི་དཔྱིད་དུས་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་རྩོམ་པ་དང་དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་རང་རེའི་ཞིང་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་འགོ་རྩོམ་པར་སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་སློབ་མའི་ཁྱིམ་བདག་གིས་ལས་དོན་དེར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭ་སློབ་འགོ་རྩོམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་པར་སྒྲིག་འཛུགས་བྱ་རྒྱུ་ནི་མིག་སྔའི་ལས་དོན་གྱི་གལ་འགངས་ཆེ་ཤོས་སུ་གྱུར་ཡོད་ཟེར། ཁོས་མུ་མཐུད་དུ་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཇུས་ཞིབ་ཕྲ་བཟོ་བ། ཕྱོགས་སོ་སོའི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་དང་སྡེ་ཚན། སློབ་གྲྭ དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིགས་དབྱེ་ཇུས་འདོན་རྒྱུན་འཁྱོངས་བྱས་ཏེ་སློབ་གྲྭ་དང་སློབ་མའི་གནས་ཚུལ་མི་འདྲ་བར་གཞིགས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་སྔར་ལས་ཤུགས་སྣོན་པ་དང་། སློབ་གྲྭའི་མལ་ཁང་དུ་བསྡད་མེད་པའི་སློབ་མ་དང་ཞག་སྡོད་སློབ་མའི་རང་ངོས་འགོག་སྲུང་སློབ་གསོ་དང་སློབ་གྲྭ་ནས་ཕར་འགྲོ་ཚུར་འོང་གི་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ། སློབ་གྲྭའི་ནང་གི་རྒྱུན་གཏན་གྱི་དུག་སེལ་ལས་དོན་ཡག་པོ་སྒྲུབ་པ། འགོག་སྲུང་དངོས་རྫས་དང་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་མའི་ཁྱིམ་བདག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱེད་པ་དང་། ཁྱིམ་བདག་གི་སེམས་ཁྲལ་དང་བསམ་ཚུལ་དུས་ཐོག་ཏུ་སེལ་བ། ཁྱིམ་བདག་གིས་ངག་བརྒྱུད་སློབ་སྟོན་བྱ་རྒྱུར་ཁྲིད་སྟོན་བྱེད་པ། བྱིས་པའི་འཕྲོད་བསྟེན་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ། སློབ་གྲྭར་གཞོགས་འདེགས་ཀྱིས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།