མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ནང་བསྟན་སློབ་གླིང་དུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཞིང་ཆེན་ནང་བསྟན་སློབ་གླིང་དུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ། ཡོངས་འཛིན་བཅས་ལ་འཚམས་འདྲི་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་སློབ་གླིང་གི་ཡོན་ཀྲང་རིན་ཆེན་རྣམ་རྒྱལ་གྱིས་རྟོག་ཞིབ་བྱེད་རོགས་བྱས།

རྟོག་ཞིབ་བྱེད་སྐབས་མགོན་པོ་བཀྲ་ཤིས་ཀྱིས་སློབ་གླིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།  སློབ་གླིང་གི་དུས་རིམ་སྔོན་མའི་ལས་དོན་དང་རྒྱ་ཆེའི་དགེ་སློབ་ཚོས་ཏང་གི་འབོད་སྐུལ་དང་ལེན་བྱས་ཏེ།ཝུའུ་ཧན་གྱི་རིམས་ནད་ས་ཁུལ་ལ་སྒོར་མོ་དང་དངོས་པོ་ཞལ་འདེབས་ཕུལ་བར་ཁས་ལེན་གང་ལེགས་བྱས་ཤིང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སློབ་གླིང་ལ་རིམས་ནད་སྔོན་འགོག་གི་དངོས་ཟོག་སྤྲད་པར་མ་ཟད།  སློབ་གླིང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཐད་བླང་བྱ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཆོས་ལུགས་སློབ་གླིང་དང་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀ་སླར་གསོ་དང་། ཐོན་སྐྱེད་བསྐྱར་གསོ། སློབ་མགོ་རྩོམས་པ་བཅས་ཀྱི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ཞིང་། གཟབ་ནན་ཆེན་པོ་དང་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་རྩ་དོན་གཞིར་བཟུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་ལ་ཞིབ་ཚགས་ཡིན་པའི་ལས་ཀའི་ཇུས་གཞི་བཟོ་བ། ནོར་འཁྲུལ་བྱུང་དུས་འབྱོར་ཐོ་འགོད་པ་དང་། བཀག་སྡོམ་དོ་དམ། ཁ་ཐོར་དུ་ཟ་མ་ཟ་བ། ཆ་འཕྲིན་ཤར་བགྲོད། དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་ཀའི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་སློབ་གླིང་སློབ་འགོ་ཚུགས་རྒྱུར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

སློབ་གླིང་གི་ཡོངས་འཛིན་རྣམས་ལ་འཚམས་འདྲི་གནང་སྐབས་ཁོང་གིས་ཡོངས་འཛིན་རྣམས་ཀྱི་སློབ་ཁྲིད་དང་། སྡོད་གནས། འཚོ་བ་བཅས་ཀྱི་ཆ་རྐྱེན་ལེགས་སྒྱུར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ཁོང་ཚོར་ཡིད་ཆེས་བརྟན་པོ་དང་། ཚན་རིག་དང་མཐུན་པའི་འགོག་སྲུང་ཡག་པོ་བྱེད་པ། རང་ངོས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དྲིལ་བསྒྲགས་དང་བདེ་ཐང་གི་འཚོ་བ་དར་སྤེལ་བཅས་གནང་ནས་བོད་རིགས་ས་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།