ལིག་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་དཔྱིད་དུས་སློབ་འགོ་ཚུགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་དཔྱིད་དུས་སློབ་འགོ་ཚུགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་སློབ་འགོ་ཚུགས་པའི་རྗེས་ཀྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས། ཧྲིང་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ལིག་ཐའོ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཞིང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་འགོ་ཚུགས་པའི་སློབ་ཁྲིད་དེ་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་ཞིབ་འཇུག་ཡང་ཡང་དང་། བཀོད་སྒྲིག་ཐེངས་མང་། འགན་འཁྲི་ནན་ཏན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དང་ཁྱིམ་ཚང་ཚང་མ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་དང་གཞོགས་འདེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་ཚུགས་རྒྱུར་རྨང་གཞི་བརྟན་པོ་བཏང་ཟེར།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་སློབ་གྲྭའི་སློབ་འགོ་ཚུགས་པའི་གནས་ཚུལ་དམིགས་བསལ་ཡིན་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་དང་འགན་འཁྲི་གལ་ཆེན་ཡིན་པས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་སློབ་གྲྭའི་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པ་དང་སློབ་ཚན་ཚུགས་པའི“ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་ལ་འགན་ལེན་བྱེད་དགོས། ཚད་མཐའི་བསམ་གཞིག་མཐའ་འཁྱོངས་ཀྱིས་མིག་སྔའི་ལས་དོན་ལ་འཕྲད་པའི་དུས་བབ་ལ་གསལ་རྟོགས་གང་ལེགས་བྱེད་པ་དང་། མངའ་ཁོངས་ཕྱི་རོལ་དང་ཞིང་ཆེན་ཕྱིའི་ནང་འདྲེན་རང་བཞིན་གྱི་ཉེན་ཁར་དོགས་ཟོན་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་ངང་དམ་འཛིན་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་གཏོགས་ཁོངས་དང་། སྡེ་ཁག སློབ་གྲྭ  དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་ཆེ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་མངོན་གསལ་ཇེ་དོད་དུ་གཏོང་བ་བཅས་བྱས་ཏེ་འགོག་སྲུང་དངོས་ཟོག་དང་། དངོས་རྫས། སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་ལེན་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་སློབ་གྲྭར་ཕྱོགས་ནས་ནུས་ཤུགས་ཡོད་རྒུས་དཔྱིད་དུས་དང་སློབ་དུས་སློབ་འགོ་ཚུགས་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་འགན་སྲུང་དང་སློབ་གྲྭ་དང་དགེ་སློབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།