ཀྲང་ལིས་ཀྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་ནས་ཚེས3ཉིན་བར།  ཧྲིང་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བདུན་པའི་སྣེ་ཁྲིད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་སླར་གསོའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་པ་ནན་བཤད་བྱས།

ཀྲང་ལིས་སོགས་སྔ་རྗེས་སུ་ཐུན་རིན་རྫོང་དང་། རྩེ་ཁོག་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་ཀྱི་རྣམ་གྲངས་གལ་ཆེན་གྱི་ལས་ཡུལ་དང་། གཙོ་གནད་ཁེ་ལས། སྒོ་རྩིས་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་སུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། མི་སྣ་ལས་གནས་སུ་ལོག་པ། བདེ་འཇགས་ཐོན་སྐྱེད། ལས་ཐོན་སླར་གསོ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། གནས་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པར་འགྱུར་ལྡོག་ཇི་འདྲའི་ལེགས་པོ་ཕྱིན་ཚེ་རྣམ་རིག་དེ་ཙམ་གསལ་བོ་རྒྱུན་འཁྱོངས་དང་། སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ། ས་ཁུལ་དང་རིམ་པ་དགར་བའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་ནན་མོ་བཅས་བྱས་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས་ཡོང་བར་འགན་ལེན་བྱེད་དགོས།  ལས་ཐོན་སླར་གསོ་བྱེད་པའི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་པ། འགག་སྒྲོལ་དམ་འཛིན་དང་། དུས་ཚོད་དམ་འཛིན། མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་གལ་ཆེན་དང་གཙོ་གནད་ཁེ་ལས་ཀྱིས་གང་མགྱོགས་སྒོས་ལས་ཐོན་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བ་སོགས་ཀྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རིགས་དབྱེ་གནད་ཕིགས་ཇུས་བསྟར། ཁྲོམ་རའི་གཙོ་ཤུགས་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། མིག་སྔར་གྱི་བྲེལ་འཚུབ་དང་སྔོན་དཔག་རྗེས་སྤྱོད། སྲིད་ཇུས་ཀྱི་གོ་སྐབས་དང་ཐོན་ལས་འཕོ་འགྱུར་ལས་བྱུང་བའི་མི་མངོན་པའི་སྟོབས་ཤུགས་གསར་པ་དམ་འཛིན་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལས་ཐོན་སླར་གསོ་བྱ་རྒྱུ་དང་ནང་མཁོ་རྒྱ་བསྐྱེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། རིམས་ནད་ཀྱིས་ཚོད་འཛིན་ཐེབས་པ་དང་བཀག་འཇོག་བྱས་པའི་འཛད་སྤྱོད་ཧུར་ཐག་གིས་གློད་འགྲོལ་གཏོང་བ་དང་། དཔེ་གསར་འཛད་སྤྱོད་སྐྱེད་སྲིང་དང་རྒྱ་བསྐྱེད་གཏོང་བ། འཛད་སྤྱོད་རིམ་སྤར་བཅས་བྱས་ཏེ། ཉེན་ཁ་སྐབས་བསྟུན་ཏན་ཏིག་བྱ་དགོས། འགན་འཁྲི་དོན་འཁྱོལ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་ལེན་པར་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།