ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་འགོ་འཛིན་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པ་དང་། ཡུལ་གནས་གཙོ་བོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཁོང་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་དེ་བརྡ་ལེན་རིམ་པ་དང་པོ་ནས་བརྡ་ལེན་རིམ་པ་གསུམ་པར་ལེགས་སྒྲིག་བྱས་རྗེས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཁུལ་དང་རིམ་པ་བགར་བའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་མྱུར་དུ་སླར་གསོ་བྱས་ན་ཡང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་དང་ཁྱབ་ཁོངས། བྱེད་ཐབས་ལ་འགྱུར་ལྡོག་བྱུང་བ་བསྟུན་ནས། ཡུལ་གནས་གཙོ་བོ་ཁ་ཤས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་དཀའ་ཁག་སྔར་ལས་ཇེ་ཆེར་སོང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་གྱུར་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། ཁུལ་དང་རིམ་པ་བགོས་ནས་སྔོན་འགོག་ཚོད་འཛིན་བྱེད་པ། སློབ་གསོ་དང་སྨན་བཅོས། འཛུགས་སྐྲུན་ཨར་ལས་ཡུལ་དངོས། སྤྱི་ཐུན་ཞབས་ཞུ་ཡུལ་གནས། གཞུང་ལམ་འགྲིམ་འགྲུལ་ལྟེ་གནས་སོགས་ཡུལ་དངོས་གཙོ་བོའི་འགོག་སྲུང་ལ་ཤུགས་བསྣན་ནས། ཁ་གཏད་རང་བཞིན་ལྡན་པ་དང་སྟབས་བདེ་སྤྱོད་བདེའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་ཟེར།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གཞི་འགན་འཁྲི་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་ཡུལ་གནས་གཙོ་བོའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བསྒྲུབ་དགོས། བཟའ་བཏུང་ཁེ་ལས་ཀྱི་དོ་དམ་ལ་ཤུགས་སྣོན་པ་དང་། དྲ་ཐོག་ཉོ་ཚོང་སོགས་ཀྱི་རྣམ་པ་བརྒྱུད་དེ་མི་སྣ་ཁ་བགར་བར་སྐུལ་འདེད་བཏང་སྟེ། མི་འདུ་ཚོགས་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། གཞིས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། བརྟག་བཤེར་གཉིས་དང་ལྟ་ཞིབ་གཉིས་ལག་བསྟར་ནན་མོ་བྱས་ནས། གཞིས་ཁུལ་གྱི་ཕྱི་ཡོང་མི་སྣའི་ཆ་འཕྲིན་ཐོ་འགོད་ལ་ཤུགས་སྣོན་དགོས། འགོག་སྲུང་དངོས་ཟོག་ཐོན་སྐྱེད་ཐད་ནས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། སློབ་གྲྭ་དང་འགྲིམ་འགྲུལ་ལྟེ་གནས་སོགས་ཡུལ་གནས་གཙོ་བོའི་སྔོན་འགོག་ཚོད་འཛིན་དངོས་ཟོག་གི་འགན་སྲུང་ལ་ཤུགས་བསྣན་ནས། འགོག་སྲུང་ནུས་པ་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཁོང་ཡུང་གིས་འགོ་འཛིན་བྱས་ནས་ཡུལ་གནས་གཙོ་བོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པའི་ཆེད་དོན་གྲོས་ཚོགས་བསྡུས།