མཚོ་སྔོན་གྱིས་ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་སྙན་ཞུར་ཉན་པ་ལས་གཞན།  འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་ད་ལོའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།

འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་ཡན་ཅིན་ཧེ། ཡུས་ཚུང་ལི། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་དང་ཟུང་འབྲེལ་བྱས་ཏེ། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ཡག་པོ་བྱས་ནས། རྨ་ཆུས་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས། རྨ་ཆུའི་བཞུར་རྒྱུད་ཁྲོད་ཟིན་པའི་མཚོ་སྔོན་གྱི་གནས་བབ་དང་ནུས་པར་དངོས་ཐོག་བདེན་འཚོལ་གྱི་ལྟ་སྟངས་འཛིན་དགོས་ཤིང་། མཚོ་སྔོན་གྱི་དངོས་ཡོད་ནས་རྐང་ཚུགས་པར་བྱས་ཏེ་རྨ་ཆུར་ལྟ་དགོས་ལ། མཚོ་སྔོན་ནས་ཕྱིར་བུད་དེ་རྨ་ཆུར་ལྟ་དགོས་ཤིང་། འགོ་ཁུངས་དང་བཞུར་ཁོངས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་གཞི་རྩའི་འགན་འཁྲི། སྲུང་སྐྱོབ་དང་འཕེལ་རྒྱས་བཅས་ཀྱི་འབྲེལ་བའི་ཁྲོད་ངེས་གནས་ཡང་དག་རྙེད་པ་དང་རིན་ཐང་མངོན་པར་བྱེད་དགོས། རྨ་ཆུའི་ཆུ་ཡི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅས་ཀྱི་འགྱུར་མེད་གཅུན་སྡོམ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། གྲོན་ཆུང་དམིགས་དུ་འཛིན་པ་དང་། སྲུང་སྐྱོབ་དམིགས་སུ་འཛིན་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་ཚད་གཏན་འཁེལ་བྱེད་པ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། “སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ། ཆུའི་མང་ཉུང་ལ་གཞིགས་ནས་འཁོར་སྐྱོད་བྱེད་པ་དང་ཆུ་གྲོན་ཆུང་བྱ་རྒྱུ་གཙོ་བོར་འཛིན་པ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་འདོན་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་དགོས། “ཆུ་གྲོན་ཆུང་དམིགས་སུ་འཛིན་པ་དང་། བར་སྟོང་དོ་མཉམ་ཡོང་བར་བྱེད་པ། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ཤུགས་འདོན”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྨ་ཆུར་སྲུང་སྐྱོབ་བྱེད་པའི་ལས་དོན་མངོན་གསལ་ཇེ་དོད་དུ་གཏོང་བ། རྨ་ཆུ་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་རྨ་ཆུའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་ས་གནས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་ཟུང་འབྲེལ་དམ་ཚགས་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས”ལ་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”འཛུགས་སྐྲུན་བྱེད་པ་སོགས་ཀྱི་གཞི་རྟེན་ལ་དམིགས་ཏེ། རྨ་ཆུ་སྲུང་སྐྱོབ་དང་འཕེལ་རྒྱས་ཡོང་བར་མིག་མཐོང་ལག་ཟིན་གྱིས་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་མཐོ་ཚད་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་བཅས་བྱ་དགོས། རང་བྱུང་ཁམས་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས། སྟོད་རྒྱུད་དུ་ཆུ་ཡོད་པ་དང་སྨད་རྒྱུད་དུ་ཆུ་འཛོམས་པོ་ཡོང་བར་འགན་ལེན་བྱེད་དགོས། དངུལ་ལྟེ་བར་བཟུང་ནས་ལམ་ལུགས་འཛུགས་རྒྱུར་དམིགས་བཙུགས་ཏེ། བཟོ་སྐྲུན་ཅན་དང་ལས་གཞི་ཅན་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས། ཐོན་ལས་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་མཉམ་འདྲེས་བྱེད་པ། “དཔེ་སྟོན་ཞིང་ཆེན་ལྔ”དང་། “དཔལ་འབྱོར་གྱི་རྣམ་པ་བཞི”ཡི་ནང་དོན་དང་ཁྱབ་རྒྱ་གཏིང་ཟབ་ཏུ་གཏོང་བ། ཐོན་ལས་ཚུལ་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིག་གནས་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་། གཞི་རྩའི་རིག་གནས་དང་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ཏེ། མཚོ་སྔོན་གྱི་རྨ་ཆུའི་རིག་གནས་ཀྱི་གསོན་ཤུགས་དང་ཁྱབ་སྤེལ་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཇེ་ཆེར་གཏོང་དགོས། འཆར་འགོད་ལ་དམིགས་ནས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྒྲོམ་གཞིའི་ནང་མཚོ་སྔོན་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་ལས་དོན་བཀོད་སྒྲིག་བྱེད་པ་དང་། རྩེ་རིམ་ཇུས་འགོད་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་འཆར་འགོད་ལ་གཅིག་གྱུར་བཀོད་འདོམས་ཡག་པོ་བྱེད་པ་བཅས་ལ་འབད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྨ་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་གནས་ཚུལ་ཁྲོད་ནས་མཚོ་སྔོན་གྱི་ངེས་གནས་འཚོལ་དགོས་པ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་མཚོ་སྔོན་གྱི་ལས་ཀའི་གཙོ་གནད་འཚོལ་དགོས་པ། དངོས་ཡོད་འབབ་རྒྱུན་འཕེལ་རྒྱས་ཀྱི་གནས་ཚུལ་ཁྲོད་ནས་མཚོ་སྔོན་གྱི་ལས་ཀའི་གཙོ་གནད་འཚོལ་དགོས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་རྩ་གནད་སྔར་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་བྱེད་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། རང་འགུལ་ངང་ལས་འགན་ངོས་འཛིན་རྩིས་ལེན་བྱེད་པ། འགན་འཁྲི་གཙང་སྒྲུབ་ནན་ཏན་བྱེད་པ། གནད་དོན་གལ་ཆེན་ལ་ཞིབ་འཇུག་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་འཆར་འགོད་སྒྲིག་བཟོ་དང་སྦྲེལ་མཐུད་ཡག་པོ་བྱེད་པ། གཙོ་གནད་ལས་འགན་ཁག་ལ་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱེད་པ། དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་པ་བཅས་བྱས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཟེར།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གཙོ་གནད་དང་། འགོ་ཁྲིད་ཚན་ཆུང་གི་བྱ་བའི་ཆོས་ཉིད་དང་གཞུང་སྒྲུབ་ཁང་གི་བྱ་བའི་ཆོས་ཉིད་ཞིབ་ཕྲ་བཅས་ལ་གྲོས་ཞིབ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།