ཁེ་ལས་ལས་ཚུགས་དང་རྣམ་གྲངས་གལ་ཆེན་གྱི་ལས་ཚུགས་སྐོར་གྱི་དྲི་བ་དྲིས་ལན། (ཁག་དང་པོ།)

1.དྲི་བ། ཁེ་ལས་ཀྱི་ལས་ཚུགས་ལ་འགྲོ་ལུགས་ཅི་ཞིག་བསྒྲུབ་དགོས་སམ།

དྲིས་ལན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི《བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཁ་གསབ་གཏན་འབེབས》ཀྱི་བླང་བྱ་གཞིར་བཟུང་། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་དང་སྤྱིར་བཏང་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རེ་ཞུའི་འགྲོ་ལུགས་གཉེར་མི་དགོས་པར། རིམས་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་དགར་ལས་འགོ་བསྐྱར་ཚུགས་བྱས་ཆོག །

2.དྲི་བ། ལས་མི་ལས་གནས་སུ་ཕྱིར་ལོག་པར་ལོགས་སུ་བཀར་དགོས་སམ།

དྲིས་ལན། ཞིང་ཆེན་གཞན་ནས་མཚོ་སྔོན་དུ་ཕྱིར་ལས་གནས་སུ་ལོག་པའི་མི་སྣས། ཐེམ་ཐོ་དང་སྡོད་གནས། ཁེ་ལས་དང་སྡེ་ཚན་སོགས་ཕྱོགས་གང་རུང་ཞིག་གི་བདེན་དཔང་འདོན་སྤྲོད་བྱས་ཏེ། ཕྱིར་མ་ལོག་སྔོན་གྱི་ཉིན14ལ་ནད་བྱུང་མེད་པ་དང་། ནད་པ་དང་རེག་འཕྲད་མེད་པ། ཧུའུ་པེ་རུ་སྡོད་པའི་གནས་ཚུལ་མེད་པ། ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ནད་རྟགས་མེད་པ་བཅས་ཀྱི་རིགས་ལོགས་སུ་བཀར་མི་དགོས།  ཞིང་ཆེན་ནང་ཁུལ་གྱི་ལས་གནས་སུ་ཕྱིར་ལོག་པའི་མི་སྣ་དག སྡེ་ཚན་ཀྱིས་གཏན་འབེབས་དང་མཐུན་པའི་ལས་གནས་ཀྱི་བདེ་ཐང་དོ་དམ་ལག་བསྟར་བྱ་རྒྱུ་དང་། ཁེ་ལས་གནས་སའི་རིམས་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ལྟ་སྐུལ་དོ་དམ་བྱེད་དགོས། ཐེམ་ཐོ་ཕྱི་ཕྱོགས་སུ་ཡོད་པ་དང་། ལས་གནས་སུ་མ་ཞུགས་གོང་གི་ཉིན14ནང་མཚོ་སྔོན་དུ་གནས་ཤིང་ཞིང་ཆེན་གཞན་དུ་སྐྱོད་པའི་གནས་ཚུལ་མེད་པ་དང་ཏོག་གསར་གློ་ཚད་ནད་པ་དང་འབྲེལ་འདྲིས་མེད་པ་རྣམས། ཞིང་ཆེན་ནང་ཁུལ་གྱི་ལས་གནས་སུ་ཕྱིར་ལོག་པའི་མི་སྣའི་འགྲོ་ལུགས་དང་མཚུངས།

3.དྲི་བ། ཁེ་ལས་ཀྱི་མ་རྒྱུ་སྐྱེལ་འདྲེན་སོགས་ལ་གཞོགས་འདེགས་བྱེད་པའི་ཐད་བྱེད་ཐབས་ཅི་ཞིག་ཡོད་དམ།

དྲིས་ལན། ཁེ་ལས་ཀྱིས་ལས་མི་དང་མ་རྒྱུ། ཐོན་རྫས་སྐྱེལ་འདྲེན་བྱེད་པར་མཚོ་སྔོན་སྐྱེལ་འདྲེན་ཀུང་སིའི་རླངས་འཁོར་གླས་ཆོག ཁེ་ལས་ཀྱི་ལས་མི་ལས་གནས་སུ་སྐྱེལ་པའི་སྐྱེལ་འདྲེན་རླངས་འཁོར་དང་། མ་རྒྱུ་དང་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་བཅས་ལ་ས་གནས་རིམས་འགོག་ཚོད་འཛིན་བཀོད་འདོམས་པུའི་དཔང་ཡིག་ཡོད་ཚེ། ཞིང་ཆེན་ས་མཚམས་ཀྱི་ཞིབ་དཔྱད་ཚད་ལེན་ས་ཚིགས་དང་། གཙོ་གནད་ས་ཁུལ་གྱི་ཞིབ་དཔྱད་ཚད་ལེན་ས་ཚིགས། དེ་བཞིན་ས་ཚིགས་གཞན་སོ་སོར་དམིགས་བསལ་ཤར་གཏོང་བྱས་ཆོག ཁེ་ལས་ལ་བདེ་ཐང་དོ་དམ་བྱ་ཡུལ་ཐག་གཅོད་པ་དང་འཁོར་རིགས་དབོར་འདྲེན་འགན་ལེན་གྱི་ནུས་པ་མེད་ཚེ། གནས་དེའི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་འགོ་ཁྲིད་ཚོགས་ཆུང་གིས་མཐུན་སྦྱོར་ཐག་གཅོད་བྱེད་དགོས།

4.དྲི་བ། ཁེ་ལས་འབྲིང་ཆུང་གིས་ཆུ་རིན་དང་གློག་རིན་འགྱངས་སྤྲོད་བྱ་རྒྱུའི་རེ་ཞུ་བྱེད་ཆོག་གམ།

དྲིས་ལན། རིམས་འགོག་རིང་། ཁེ་ལས་འབྲིང་ཆུང་གིས་ཟླ་གསུམ་རིང་གི་ཆུ་གློག་དང་སོལ་རླངས་བཅས་ཀྱི་འགྲོ་གྲོན་འགྱངས་སྤྲོད་དང་། “རིན་ཆད་ནའང་མཁོ་སྤྲོད་མཚམས་མི་འཇོག” འགྱངས་ཆད་དངུལ་ལམ་ ཆིངས་འགལ་དངུལ་་མེད་པར་གཏོང་རྒྱུ་རེད། རིམས་འགོག་རིང་གནས་སྐབས་གློག་ཤུགས་ཡོད་ཚད་ཀྱིས་ཐོན་སྐྱེད་བྱེད་མི་ཐུབ་པའི་ཁེ་ལས་ཀྱིས་གནས་དེའི་གློག་གཏོང་ཀུང་སིར་ཤོང་ཚད་ཉུང་དུ་གཏོང་བ་དང་། གནས་སྐབས་མཚམས་འཇོག་པ། ཤོང་ཤུགས་སླར་གསོ། སླར་གསོ་མཚམས་འཇོག་པ་བཅས་ཀྱི་རེ་ཞུ་བྱས་ནས་དེ་མཚུངས་ཀྱི་ཤོང་ཚད་དང་གློག་རིན་ཇེ་ཡང་དུ་གཏོང་ཆོག ཟླ2ཚེས1ཉིན་ནས་ཟླ6ཚེས30ཉིན་བར་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་སྤྱོད་མཁན་ཕུད། བཟོ་ཚོང་ལས་རིགས་ཀྱི་གློག་སྤྱོད་མཁན་ལ་ད་ལྟའི་གློག་རིན་གྱི་རྨང་གཞི་ལས་བརྒྱ་ཆའི5ཇེ་ཉུང་ཏུ་གཏོང་རྒྱུ།

5.དྲི་བ། དངུལ་བུན་འཇལ་བར་དཀའ་ངལ་ཡོད་པའི་ཁེ་ལས་ཀྱིས་དངུལ་བུན་ཁ་གསབ་རེ་ཞུ་བྱས་ཆོག་གམ།

དྲིས་ལན། ཞིང་ཆེན་སྲིད་གཞུང་གིས་བཏོན་པའི《ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་ནས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྣམ་གྲངས་གལ་ཆེན་གྱི་ལས་ཚུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཀྱི་ཁ་གསབ་གཏན་འབེབས》ལ་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་འཁོར་རྒྱུག་རང་བཞིན་གྱི་དཀའ་ངལ་ལྡན་པའི་ཁེ་ལས་འབྲིང་ཆུང་གིས་གནས་སྐབས་རང་བཞིན་གྱི་དུས་འགྱངས་བུན་འཇལ་བྱས་ཆོག

6. དྲི་བ། ཁེ་ལས་ཀྱིས་བོགས་མར་གཏོང་བའི་རྒྱལ་དབང་ཁང་པར་ཆག་ཡང་དང་རྩ་ཆག་གཏོང་ཆོག་གམ།

    དྲིས་ལན། རིམས་འགོག་རིང་། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་བས་རྒྱལ་དབང་ཁང་པ་དང་ས་ཆ། སྒྲིག་ཆས་བཅས་བོགས་མར་བླངས་ཡོད་པ་དག《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་འགོག་ཁྲོད་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྣམ་གྲངས་གལ་ཆེན་ལས་ཚུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》  (མཚོ་སྲིད།〔2020〕ཨང་15པ)དོན་ཚན་16པའི་གཏན་འབེབས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག ས་ཆ་དང་སྒྲིག་ཆས་བོགས་གཏོང་གི་འགྲོ་གྲོན་མེད་པར་གཏོང་རྒྱུ་རེད།

7.དྲི་བ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཀྱིས་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་འགྲོ་གྲོན་ཐད་གཟིགས་སྐྱོང་གང་དག་ཡོད་དམ།

    དྲིས་ལན། 2020ལོའི་ཟླ2པ་ནས་ཟླ6པའི་བར་ཁེ་ལས་འབྲིང་ཆུང་ལ་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་འགྲོ་གྲོན་མེད་པར་གཏོང་རྒྱུ་དང་། 2020ལོའི་ཟླ2པ་ནས་ཟླ4པའི་བར་ཁེ་ལས་ཆེ་གྲས་ཀྱིས་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་འགྲོ་གྲོན་ཕྱེད་ཀ་སྤྲོད་མི་དགོས་པ་རེད། དཀའ་ངལ་ལྡན་པའི་ཁེ་ལས་ཀྱི་ངོས་འཛིན་ཆ་རྐྱེན་དང་མཚམས་པ་དག་ལ་སྤྱི་ཚོགས་འགན་བཅོལ་མ་དངུལ་འགྱངས་སྤྲོད་སྲིད་ཇུས་ལག་བསྟར་བྱས་ཏེ་འགྱངས་སྤྲོད་དུས་ཡུན་ཟླ6བར་ནར་འགྱངས་བྱས་ཡོད། སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱིས་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལས་བཟོ་བའི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཁེ་ལས་འབྲིང་ཆུང་གི་རྩ་ཆག་གཏོང་བའི་སྲིད་ཇུས་གཞིར་བཟུང་ལོངས་སྤྱོད་བྱས་ཆོག །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།