ཟི་ལིང་གྲོང་ཁྱེར་གྱིས2020ལོའི་གཙོ་གནད་དམངས་འཚོའི་ལས་དོན་གྱི་དངོས་འབེབས་ལས་གཞི་ཁྱབ་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་མོས་མཐུན་བྱུང་བ་བརྒྱུད《ཟི་ལིང་གྲོང་ཁྱེར་གྱི2020ལོའི་གཙོ་གནད་དམངས་འཚོའི་ལས་དོན་གྱི་དངོས་འབེབས་ལས་གཞི》ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་ཟི་ལིང་གྲོང་ཁྱེར་གྱི་དམངས་འཚོའི་ལས་དོན་གྱི་དངོས་འབེབས་ནང་བཅུག་པའི་ལས་གཞི་ནི། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་ཟབ་པའི་ཁྱབ་ཁོངས་ལ་ཐོག་མར་བསམ་གཞིག་བྱེད་པ། དབུལ་སྒྲོལ་གྲུབ་འབྲས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་པའི་ཞབས་ཞུ། འཕྲོད་བསྟེན་བདེ་ཐང་སོགས་ཕྱོགས་བཅུའི་ཐད་ནས། དམངས་འཚོའི་ལས་དོན་དངོས་འབེབས་ལས་གཞི་དང་དམངས་ཕན་བཟོ་སྐྲུན་བྱེ་བྲག་པ33བཀོད་སྒྲིག་བྱས་ཡོད་པ་རེད།

དམངས་འཚོའི་ལས་དོན་དངོས་འབེབས་ཁག33ཡོད་པ་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་དང་། ནན་ཁྲོན་ཆུ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་གྲྭའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་པ། ནན་ཁྲོན་ཆུ་བོའི་རང་བྱུང་ཆུ་ལམ་གྱི་སྐྱེ་ཁམས་སླར་གསོ་དང་གྲོང་སྡེའི་འཚོ་བའི་བཙོག་ཆུ་འཚོལ་སྡུད་གཙང་སེལ་ལས་གྲྭ་སྤེལ་རྒྱུ། སྤྱི་གླིང3ལེགས་པར་བསྐྲུན་ཏེ་སྒོ་འབྱེད་པ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྤྱི་གླིང་གི་སྤང་ལྗོངས་སྤྱི་ཆིང133ཙམ་ཟིན་དུ་འཇུག་པ། འདམ་རའི་མེ་ཏོག་གི་ཆུ་རྫིང་དང་གཡུ་རིའི་སྤྱི་གླིང་ལས་གཞི་འཛུགས་སྐྲུན་བྱེད་པ། རིག་ལྡན་གཞིས་ཁུལ་20བསྐྲུན་པ། “རབས་གསར་པའི་རིག་ལྡན་ཉེན་རྟོག་པའི་མ་ལག”བསྐྲུན་ནས་སྐད་འཕྲིན་དང་འཕྲིན་ཐུང་གི་ཉེན་བརྡ་གཏོང་བའི་ལས་སྟེགས་སྤྱོད་འགོ་འཛུགས་པ། མཛེས་སྡུག་ལྡན་པའི་མཁར་གྲོང2དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ83གྱི་ལས་གཞི་ལག་བསྟར་བྱས་ཏེ། མདོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ(དུས་ཐེངས་དང་པོ)སྐྲུན་འགོ་འཛུགས་པ་བཅས་དང་། ཀོང་ཧྭ་སློབ་འབྲིང་དང་སྐུ་འབུམ་ལས་རིགས་སློབ་གྲྭའི་དུས་ཐེངས་གསུམ་པ་སོགས་སློབ་གྲྭ་འབྲིང་ཆུང་དང་ལས་རིགས་སློབ་གྲྭའི་སློབ་གསོའི་ལས་གཞི6བསྐྲུན་པ་དང་འབྲེལ་སྤྱོད་འགོ་འཛུགས་པ་དང་། འགན་བཅོལ་ཁང་གནས་སྤོ་འཛུགས་སྐྲུན་དང་མཁར་བྱང་ཁུལ་པཱ་ལང་སློབ་ཆུང་ལེགས་བཅོས་རྒྱས་སྐྲུན་སོགས་སློབ་གསོའི་འཛུགས་སྐྲུན་ལས་གཞི10ལག་བསྟར་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་མང་ཚོགས་ཀྱི་རིག་གནས་སྒྱུ་རྩལ་བྱེད་སྒོའི་སྤེལ་རེས་ལྟེ་གནས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི1.5སྒྱུར་བཀོད་བྱ་རྒྱུ། ཐོག་བརྩེགས་མང་བའི་སྡོད་ཁང་ལ་གློག་སྐས70འཛུགས་པ། གྲོང་ཁྱེར་ཡོངས་ཀྱི“གསུམ་མེད་ཁང་པ”900ལ་ར་སྒོར་བ་དང་སྒོ་འཛུགས་པ་སོགས་བཀག་སྡོམ་སྒྲིག་བཀོད་བཀོད་སྒྲིག་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི3.1ལས་ཞུགས་གསར་བསྒྱུར་བྱེད་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི35ལས་ཞུགས་གཞན་སྒྱུར་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གསར་སྐྲུན་ལས་གཞི་ལག་བསྟར་དང་། ཟི་ལིང་གྲོང་ཁྱེར་གྱི་ཀྲུང་ཕྱིའི་ལུགས་ཀྱི་གསོ་རིག་ཁམས་གསོ་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་འཛུགས་པ། སྲང་ལམ་གྱི་མི་སྐྱོད་ཟམ་པ5སྐྲུན་འགོ་འཛུགས་པ། ལམ་ཐིག་བཅུ་གཉིས་པ་དང་ལྔ་བཞི་ཟམ་པ། མིན་ཡོན་ལམ་བཅས་རྒྱ་བསྐྱེད་སྒྱུར་བཀོད་དང་། ཉིང་ཏ་ལམ་དང་བརྒྱད་གཅིག་ལམ་གྱི་ཞིག་གསོ་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ཐུན་རིན་ལམ(ཟམ་པ)བཟོ་བཅོས་ཆེན་པོ་དང་། སེམས་ཀྱི་ཉི་ཟླ་དང་དེ་མཐའ་འཁོར་གྱི་ལམ་དྲའི་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལག་བསྟར་བྱེད་པ། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག8ལེགས་སྒྲིག(གསར་སྣོན་ཚུད)དང་། ཟོང་འཁོར་དཀྱུས་མ་དྲ་ཐོག་ནས་ལོ་བཤེར་དང་ཡུལ་གཞན་དུ་ལོ་བཤེར་ཐུབ་པར་བྱེད་པ། དབུས་འགྱུར་ཐབ་ཚང5དང་། “རྒན་གཅེས་བདེ་སྐྱིད་ཟ་ཁང”20། རྒན་གསོའི་དཔེ་སྟོན་རྟེན་གཞི2བཅས་བསྐྲུན་རྒྱུ། གྲོང་གསེབ་ཀྱི་རྒན་རྒོན་ཁྱིམ་ཚང50གསར་སྐྲུན་བྱ་རྒྱུ་སོགས་ཡིན་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།