མཚོ་སྔོན་པོའི་མཚོ་ངོས་ལོ15ལ་བསྟུད་ཡར་འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཆེས་ཐོག་མར་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནས་ཚུལ》ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་པོའི་ས་ཁོངས་དུ་འདབ་ཆགས་རིགས225བར་ཇེ་མང་དུ་ཕྱིན་པ་དང་། མཚོ་སྔོན་པོའི་མཚོ་ངོས་ལོ15ལ་བསྟུད་མར་འཕར། 2019ལོར་མཚོ་ངོས་སྨི་3196.24ཟིན་པ་དང་། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4549.38ཟིན། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

མཚོ་སྔོན་པོ་ནི་འཛམ་གླིང་གི་ཚྭ་མཚོ་ཆེ་གྲས་གཉིས་པ་ཡིན་པ་དང་། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་ཆེས་ཆེ་བའི་ཚྭ་མཚོ་དང་རང་རྒྱལ་གྱི་མཐོ་གྲང་འདམ་ར(ས་མཐོའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་འདམ་ར)བཅས་ཀྱི་དཔེ་མཚོན་ཡིན་པ་དང་ཆབས་ཅིག མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བའི་ཆུ་ཀླུང་གལ་ཆེན་དང་། མཚོ་བོད་ས་མཐོའི་སྣོད་བཅུད་ཉམས་ཞན་ཁུལ། གོ་ལ་ཧྲིལ་པོའི་ཆུ་བྱའི་འཚོ་སྡོད་ཁུལ་གལ་ཆེན། མཚོ་བོད་ས་མཐོའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་བང་མཛོད། རྒྱལ་ཁབ་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་བཅས་ཀྱི་ཚན་ཞིབ་ལས་སྟེགས་གལ་ཆེན་བཅས་ཀྱང་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་། སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ་མཚོ་སྔོན་པོའི་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལག་ལེན་བསྟར་བ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཁོར་ཡུག་དོ་དམ་དང་། སྣོད་བཅུད་ལྟ་ཞིབ་ཚད་ལེན། ཐོན་ཁུངས་ལྟ་ཞིབ་ཚད་ལེན། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། ཚན་རིག་ཞིབ་འཇུག དྲིལ་བསྒྲགས་སློབ་གསོ། སྡེ་ཁུལ་མཉམ་གཉེར། སྣོད་བཅུད་སྲུང་སྐྱོང་ལས་གྲྭ་སོགས་ཀྱི་ལས་དོན་སྤེལ་ནས་ཅུང་འཐུས་སྒོ་ཚང་བའི་དོ་དམ་ལམ་སྲོལ་དང་དོ་དམ་ལམ་ལུགས་བཙུགས་ཡོད། སྲུང་སྐྱོང་དོ་དམ་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་འགོ་ཡག་པོ་ཚུགས་པ་མ་ཟད་རིམ་བཞིན་རྒྱུན་གཏན་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་། འབབ་རྒྱུད་ཀྱི་ནགས་ས་དང་། རྩྭ་ས། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་བཅས་འཁོར་རྒྱུག་ཡག་པོ་བྱུང་། སྣོད་བཅུད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་པོར་ཕྱིན་ནས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧ་ཁྲེང་ཁའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོར《མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནས་ཚུལ》ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཚོས་མཚོ་སྔོན་པོའི་སྣོད་བཅུད་གནས་བབ་དང་། སྣོད་བཅུད་སྲུང་སྐྱོང་བརྒྱུད་རིམ། སྲུང་སྐྱོང་དོ་དམ་བྱ་ཐབས་བཅས་དང་དེ་བཞིན་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་སྔར་བས་ཤེས་རྟོགས་ཐུབ་པ་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བོས་མཚོ་སྔོན་པོར་དོ་ཁུར་དང་མཚོ་སྔོན་པོར་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ“ཆེ་བ་དང་། མཛེས་པ། གཙང་བ། ཡག་པ”བཅས་མཚོ་སྔོན་པོའི་ཡུན་རིང་གི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།