​མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟའ་བཏུང་ལས་རིགས་སླར་གསོ་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟའ་བཏུང་ལས་རིགས་སླར་གསོ་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་སླར་གསོ་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་གནད་དོན་འབུར་ཐོན་ཅན་རྣམས་མཐུན་སྦྱོར་སྒོས་ཐག་གཅོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ལས་གཉེར་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གསུང་བཤད་གནང་། 

 ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་སླར་གསོ་ལས་གཉེར་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་གཉིས་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། ལས་ཞུགས་བརྟན་བརླིང་དང་འཛད་སྤྱོད་ལ་སྐུལ་འདེད། མང་ཚོགས་ཀྱི་འཚོ་བ་དང་ཁེ་ལས་དང་བྱ་གཞག་ལས་ཁུངས་ཀྱི་རྒྱུན་གཏན་གཉེར་སྐྱོང་བྱེད་པའི་ཐད་ལ་འགན་ལེན་ཐོབ་པར་ནུས་པ་གལ་ཆེན་ལྡན་ཡོད། བཟའ་བཏུང་ཁེ་ལས་ལ་ཡིད་ཆེས་འཕེལ་བར་ཁྲིད་སྟོན་བྱེད་པ་དང་། དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བཟའ་བཏུང་ཁེ་ལས་སླར་གསོ་བྱེད་པའི་བཀོལ་སྤྱོད་ཕྱོགས་སྟོན་གཏན་འབེབས་བྱས་ནས་དགོས་ངེས་ཀྱི་འགོག་སྲུང་དངོས་རྫས་གཏོང་སྤྲོད་བྱེད་པ། ཟས་རིགས་བདེ་འཇགས་དང་ལས་མིའི་བདེ་ཐང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་བྱས་ནས་བདེ་འཇགས་དང་བརྟན་བརླིང་ངང་ལས་རིགས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་ལས་འགོ་བསྐྱར་ཚུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བོགས་དངུལ་དང་། ཁྲལ་དངུལ། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། བཟའ་བཏུང་ལས་རིགས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་རིན་གོང་གང་བྱུང་དུ་འཕར་བའི་གནད་དོན་བཅོས་སྒྲིག་ནན་པོ་བྱས་ཏེ་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། ཕྱོགས་གསུམ་པའི་ཟས་རིགས་མངག་ཉོའི་ལས་སྟེགས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་། གྲོན་དངུལ་ལུགས་མཐུན་བསྡུ་བ་དང་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་བཏང་ནས་བཟའ་བཏུང་ཁེ་ལས་ཀྱིས་དྲ་ཐོག་ནས་གཉེར་སྐྱོང་དང་ཐུམ་བརྒྱབ་ནས་འཛད་སྤྱོད་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ལྟོ་ཆས་ཀྱི་དགོས་མཁོ་འགན་ལེན་ཏན་ཏིག་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བཟའ་བཏུང་ཁེ་ལས་དང་དབོར་སྐྱེལ་ཁེ་ལས་ཀྱི་འཐུས་ཚབ་པ་བཅས་ཚོགས་འདུར་ཞུགས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།