རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པར་རང་ཉིད་ནས་འགོ་རྩོམ་དགོས།

རི་སྐྱེས་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་ལ། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་རང་བྱུང་ཐོན་ཁུངས་རྩ་ཆེན་ཞིག་ཀྱང་ཡིན། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རང་བྱུང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག གྲོང་ཁྱེར་ཞིག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུན་རིང་ཁེ་ཕན་གྱི་དགོས་མཁོ་དང་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། 

ང་ཚོ་གཞི་རྒྱ་ཆེ་བའི་སྐྱེ་ཁམས་མ་ལག་ཅིག་ཏུ་འཚོ་བཞིན་ཡོད་ལ་ང་ཚོའི་ཉེ་འཁོར་གྱི་སྐྱེ་ཁམས་མ་ལག་དེ་སྐྱེ་དངོས་ཧ་ཅང་མང་པོས་གྲུབ་ཡོད། ཉེ་བའི་ལོ་འགའི་རིང་མིའི་རིགས་ཀྱིས་ཚོད་འཛིན་མེད་པར་གསར་སྤེལ་བེད་སྤྱོད་བྱས་པས། དངོས་རིགས་འབོར་ཆེན་གྱི་རྒྱུན་ཆད་པ་དང་། ཐོན་ཁུངས་ཀྱི་རིགས་ཇེ་ཉུང་དུ་སོང་བ། སྐྱེ་ཁམས་ཁོར་ཡུག་ཇེ་ཞན་ཏུ་གྱུར་བ། མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། 

མཚོ་སྔོན་ཞིང་ཆེན་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཁྱབ་ཡུལ་གཙོ་བོའི་གྲས་ཡིན་པ་དང་། དུས་བྱའི་གནས་སྤོ་བྱ་ཡུལ་གཙོ་བོའི་གྲས་ཀྱང་ཡིན། མཚོ་སྔོན་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་རིགས605ཁྲོད་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས85ཚུད་ཡོད་པ་དང་། ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་རིགས36ཡོད། 

དེར་བརྟེན། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ངང་བེད་སྤྱོད་བྱེད་རྒྱུ་དེ། རང་བྱུང་ཁོར་ཡུག་ལེགས་བསྒྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་འཁྱོངས། སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། 

མིའི་རིགསཀྱི་་ཐུན་མོང་འཚོ་གནས་ཁོར་ཡུག་གི་ཆེད་དུ། ང་ཚོས་ངེས་པར་དུ་རང་ཉིད་ནས་འགོ་བརྩམས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བར་ཧུར་ཐག་གིས་ཞུགས་པ་དང་རྒྱབ་སྐྱོར་བྱེད་དགོས། རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་གོམས་སྲོལ་བསྒྱུར་ཏེ་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བའི་གོམས་སྲོལ་ངན་པ་མེད་པར་བཟོ་དགོས། སྲོག་ཆགས་ལ་གཅེས་སྐྱོང་དང་ནགས་ཚལ་ལ་སྲུང་སྐྱོབ་བྱས་ཏེ། ནགས་ཚལ་སྟུག་པོ་དེ་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་སའི་སྲུང་གནས་སུ་བསྒྱུར་དགོས། ནགས་ཚལ་ལ་གཏོར་བརླག་གཏོང་བ་དང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་བཀག་འགོག་དང་ཐེར་འདོན་གོང་ཞུ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དཔེ་ལེགས་བསྐྲུན་ཏེ་རི་སྐྱེས་སྲོག་ཆགས་དང་མིའི་རིགས་གནམ་སྔོན་པོ་གཅིག་གི་འོག་འཆམ་མཐུན་ངང་མཉམ་གནས་ཡོང་བར་བྱ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།