ལིག་ཉིང་གིས་འགོ་འཛིན་བྱས་ནས་ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། ཟི་ལིང་སློབ་ཆེན་གྱི་འཛུགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། ཧྲིན་ཀྲང་གཞོན་པ་ལིག་ཐོ་གཉིས་གྲོས་ཚོགས་ལ་ཞུགས།

ལིག་ཉིང་གིས་བསྟན་དོན། ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པས། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བ་དང་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པའི་བཀོད་སྒྲིག་གསར་བ་མྱུར་དུ་ལག་བསྟར་བྱེད་དགོས་ལ། དེ་ནི་རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཁུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པའི་བྱེད་ཐབས་གསར་བ་དང་། མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མཐོ་རིམ་སློབ་གསོའི་ཐོན་ཁུངས་གྲུབ་ཚུལ་ལེགས་བསྒྱུར་བྱས་ནས། སྟོབས་ཤུགས་ཡོད་རྒུས་མཐོ་རིམ་སློབ་གསོ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་ལེན་གསར་བ། ཅུང་རྗེས་ལུས་ཡིན་པའི་ནུབ་རྒྱུད་ས་ཁུལ་དུ་ཆུ་ཚད་མཐོ་ཞིང་སྤྱོད་སྒོ་ཆེ་བའི་ཞིབ་འཇུག་རང་བཞིན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་རིགས་ཀྱི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་འཚོལ་ཞིབ་གསར་བ་བཅས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཤེས་ལྡན་མི་སྣས་སློབ་གྲྭ་དར་སྤེལ་གཏོང་བ་དང་སྒོ་འབྱེད་ལ་བརྟེན་ནས་སློབ་གྲྭ་བཟང་བོར་བསྒྲུབ་པ། ཚན་རིག་ཞིབ་འཇུག་ལ་བརྟེན་ནས་སློབ་གྲྭ་སྟོབས་ལྡན་དུ་བསྒྱུར་བའི་སློབ་སྒྲུབ་ཇུས་ཆོད་རྒྱུན་འཁྱོངས་བྱེད་པ། མཐོ། ལེགས། ཆུང་། དམིགས་བསལ། རིགས་གསར་གྱི་སློབ་སྒྲུབ་དགོངས་དོན་རྒྱུན་འཁྱོངས་བྱེད་པ། འགོ་ཚུགས་ས་མཐོན་པོའི་སྟེང་ནས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་བྱ་བར་མྱུར་དུ་སྤེལ་ནས། ཧུར་ཐག་གིས་ཟི་ལིང་སློབ་ཆེན་དེ་རྒྱལ་ནང་གི་ཤན་ཤུགས་ཆེ་ཞིང་ཆུ་ཚད་མཐོ་ལ། སྤྱོད་སྒོ་ཆེ་བའི་ཞིབ་འཇུག་རང་བཞིན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་རིགས་ཀྱི་སློབ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ངོས་ཟིན་ཇེ་མཐོར་གཏོང་བ་དང་བསམ་བློ་བཅིངས་འགྲོལ་གཏོང་བ། གོང་འོག་ཟུང་འབྲེལ་བྱས་ནས། མིག་སྔར་དང་མ་འོངས་བ། ས་འོག་དང་ས་སྟེང་གི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། མཐའ་འཁོར་གྱི་མཐོ་རིམ་སློབ་གྲྭ་དང་ཁེ་ལས། ར་བའི་ཁུལ་གྱི་ཐོན་ཁུངས་ལ་གཅིག་གྱུར་བེད་སྤྱོད་བྱེད་པ། སྔར་ཡོད་ཀྱི་ས་དབྱིབས་ལ་རྒྱབ་རྟེན་ནས་ས་འོག་གི་བར་སྟོང་བརྩོན་ལེན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་སྤེལ་ནས། ཟི་ལིང་སློབ་ཆེན་གྱི་ལོ་བརྒྱའི་ཇུས་གཞི་འགོད་དགོས། ཟི་ལིང་གྲོང་ཁྱེར་གྱི་སློབ་ཆེན་འཛུགས་སྐྲུན་ཁྲོད་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། ནུས་པ་འདོན་སྤེལ་བྱེད་དགོས། སློབ་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་འདེམ་བཀོལ་བྱ་བའི་གཙོ་གནད་གོང་བསྣུར་བྱས་ནས།  ཞིང་ཆེན་སློབ་གསོ་ཐིན་གྱིས་འགན་ནུས་སྡེ་ཁག་གི་ནུས་པ་འདོན་སྤེལ་བྱེད་དགོས། དུས་རབས་དང་རྒྱལ་ཁབ། མཚོ་སྔོན་གྱི་དགོས་མཁོ་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་ཟི་ལིང་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་ཆེན་གཞན་པའི་སློབ་ཚན་ཆེད་ལས་བཀོད་སྒྲིག་བྱས་ཏེ། ཆེད་ལས་ལེགས་བསྒྱུར་བཀོད་སྒྲིག་མངོན་འགྱུར་བྱེད་པ་དང་། མཐོ་རིམ་སློབ་ཆེན་འཕེལ་རྒྱས་སུ་གཏོང་དགོས། ནང་སྡོམ་ཕྱི་འབྱེད་དང་སྒོ་འབྱེད་སློབ་སྒྲུབ་བྱེད་པ་དང་། ནང་ཕྱོགས་ནས་འཛུགས་སྐྲུན་དོ་དམ་ལེགས་བསྒྱུར་བྱེད་པར་ཤུགས་སྣོན་པ། ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། ཐོན་ཁུངས་མཉམ་སྤྱོད་དང་ཤེས་ལྡན་མི་སྣའི་འཁོར་རྒྱུག་མངོན་འགྱུར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དགེ་མཚན་སློབ་ཚན་འདུ་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།