མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ངམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་བཅུ་གཉིས་པར་གཙོ་སྐྱོང་གནང་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་སྤེལ་ཚུལ་ལ་གསན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ལས་དོན་ལ་སླར་ཡང་སྐུལ་སློང་དང་། བཀོད་སྒྲིག དོན་འཁྱོལ་བཅས་མཛད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ལས་ཀའི་བླང་བྱ་གཞིར་བཟུང་ནས་འགན་འཁྲི་ནན་ཏན་གྱིས་གཙང་སྒྲུབ་བྱེད་པ་དང་། ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་བ། “སྔོན་འགོག”གི་ཕན་འབྲས་མངོན་གསལ་དོད་པ། “སླར་གསོ”བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བའི་སྒོ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གཉིས་ཀར་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་བ། ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་པར་འགན་ལེན་བྱས་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྔོན་འགོག་གཙོར་བཟུང་བ་དང་ཕྱི་ནས་མཆེད་ཡོང་བ་བཀག་ནས། ཁོངས་གཏོགས་ཁུལ་དང་སྡེ་ཁག་གི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་། མི་ཚོགས་འདུ་ས་གཙོ་བོ་དང་ས་ཁུལ་གཙོ་བོའི་དོ་དམ་ལ་ཤུགས་སྣོན་པ། ཐབས་བརྒྱ་ཇུས་སྟོང་གིས་ཁ་ཐུམ་སོགས་འགོག་སྲུང་དངོས་རྫས་ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་འཇོག་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སློབ་འགོ་རྩོམ་པ་དང་ལས་རིགས་སླར་གསོ་བཅས་གནད་ལ་འཁེལ་ཞིང་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་དང་། གཅིག་བསྡུས་ཞིབ་མཆན། དྲ་ཐོག་ཚོང་འགུགས་སོགས་ཀྱི་བྱེད་སྒོ་སྤེལ་བ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་དངོས་འབེབས་དང་ལས་གཞི་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་འགོ་བསྐྱར་འཛུགགས་ཀྱི་མྱུར་ཚད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་བརྟན་པོ་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། བཟའ་བཏུང་དང་། མགྲོན་ཁང་། ཚོང་དོན། ཡུལ་སྐོར་སོགས་ལས་རིགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁུལ་དབྱེ་རིམ་བཀར་རིམ་འབྱེད་ཀྱིས་སློབ་འགོ་རྩོམ་པར་གོ་རིམ་ལྡན་པའི་སྒོ་ནས་དམ་འཛིན་བྱེད་དགོས། གཞི་རྩའི་དམངས་འཚོ་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་དམངས་འཚོའི་དེང་རབས་བཟོ་ལས་མ་ལག་གང་མགྱོགས་ཀྱིས་ཞིབ་འཇུག་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དབུལ་ཐར་འགག་སྒྲོལ་དང་ལས་བརྟན་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་དང་དེ་བཞིན་ཞིང་ཆེན་གཞན་གྱི་ཡིན་ཞིང་རང་ཞིང་དུ་ལུས་པའི་མི་སྣར་གནས་སྐབས་ཀྱི་སྐྱོབ་བཅོས་དང་གཅེས་སྐྱོང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “མི་སྣ་གསོ་སྦྱོང་ཆེན་མོ་དང་། ལས་གནས་དམག་སྦྱོང་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། “གསང་སྤྱོད་གསར་བརྗེར”མཉམ་དུ་སྐུལ་འདེད་གཏོང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་ཞིང་། འཕྲོད་བསྟེན་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། སྨྱན་སྦྱོར་གསར་པ་དང་མཉམ་འདྲེས་སྨྱན་སྦྱོར་མཐོང་ཆེན་སྤྱོད་མཁས་བྱེད་ཅིང་། སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་གོང་ཞུ་ཇེ་ལེགས་སུ་གཏོང་བ། དཔེ་མཚོན་གྱོད་གཞི་སྙན་སྒྲོན་ཞུ་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་བཅས་བྱེད་དགོས། མིག་སྔའི་ལས་དོན་གཙོ་བོ་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། ལུས་སྒུར་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་བདེ་བག་ཕེབས་ཡོང་བར་བྱེད་དགོས།

ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།