མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་རྒྱུ་ཆའི་ཁེ་ལས་གཉིས་རྒྱལ་ཡོངས་ཀྱི་དཔྱིད་རྨོད་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་གྲས་སུ་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་གྱི་ཞིང་སྤྱོད་དངོས་རྫས་ཕྱི་འཚོང་ས་ཚིགས་དང་འབྲེལ་མཐུད་བྱས་ཏེ་ཞིང་པས་དུས་ཐོག་ཏུ་བློ་བདེའི་ཞིང་སྤྱོད་དངོས་རྫས་ཉོ་ཐུབ་པར་འགན་ལེན་བྱ་ཆེད། ཟླ2པའི་ཚེས28ཉིན་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་ཡོངས་ལ“2020ལོར་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་གི་དཔྱིད་རྨོད་འགན་ལེན་གྱི་ཞིང་སྤྱོད་དངོས་རྫས་ཁེ་ལས་གཙོ་བོའི”མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྤྱོད་དངོས་རྫས་ཁེ་ལས་གཉིས་བདམས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། བཟོ་ཚོང་མཉམ་ལས་དང་ཞིང་ལས་དང་ཁེ་ལས་འབྲེལ་མཐུད་བྱེད་བདེ་བ་དང་། རྒྱལ་ཡོངས་ཀྱི་དཔྱིད་རྨོད་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཀྱི་དགོས་མཁོ་སྐོང་ཆེད། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ཚོང་གཉེར་ས་ཚིགས་མང་བ་དང་། ཕྱི་འཚོང་སྣ་ཁ་ཚང་བ། འགན་ལེན་ཡོད་པ། ཡིད་རྟོན་ཆོག་པ་བཅས་ཀྱི་ཞིང་ལས་རྒྱུ་ཆའི་ཁེ་ལས་སྐོར་ཞིག་ཁྱབ་གདལ་བཏང་བ་དང་འབྲེལ“མཁོ་ཚོང་མཉམ་ལས་ཁང་གི་དཔྱིད་རྨོད་མཁོ་སྤྲོད་འགན་ལེན་གྱི་ཞིང་ལས་རྒྱུ་ཆའི་ཁེ་ལས་གཙོ་བོའི”མིང་ཐོ་ཁྱབ་བསྒྲགས་བྱས། རང་ཞིང་གི་མཚོ་སྔོན་ཞིང་ཕྱུགས་ཐོན་སྐྱེད་རྒྱུ་ཆ(ཚོགས་སྒྲིལ)མ་རྐང་ཚད་ཡོད་ཀུང་སི་དང་མང་ཨེ་ཤིན་ཡོན་ཅ་ལུད་ཚད་ཡོད་འགན་འཁྲི་ཀུང་སི་གཉིས་མིང་ཐོ་གྲས་སུ་ཚུད་ཡོད་པ་རེད།

མིང་ཐོའི་ནང་གི་ཁེ་ལས་ཚང་མས་སྤྱི་ཚོགས་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཁ་ཆད་དང་། བཀོད་སྒྲིག་དང་ལྟ་སྐུལ་བཅས་དང་ལེན་བྱས་ནས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་འགན་སྲུང་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།