མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་རིགས་ཁག་གིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ནས་ཞལ་འདེབས་ཕུལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏོག་དབྱིབས་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་མི་སྣ་དག་གིས་ཏང་ཨུའི་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་བཀོད་འདོམས་འོག་ཏང་དང་བློ་ཁ་གཅིག་མཐུན་གྱིས་རིམས་ནད་མཉམ་འགོག་མཉམ་བཅོས་ཁྲོད་ཧུར་ཐག་གིས་ཞུགས་ནས།  རང་འགུལ་ངང་གཅེས་སེམས་ཀྱི་ཞལ་འདེབས་ཕུལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཞལ་འདེབས་དངོས་པོ་སྒོར་ཁྲི4000ཡི་ལྷག་ཕུལ་བ་དང་།  རྒྱལ་གཅེས་རྒྱལ་སྐྱོང་དང་ཁྱོན་ཡོངས་ལ་བསྟུན་པ།  ཕན་ཚུན་ལ་རོགས་རམ་གྱི་ཆབ་སྲིད་རྣམ་པ་བཟང་བོ་མངོན་ཞིང་།  མི་རིགས་མཐུན་སྒྲིལ་དང་རིམས་ནད་གཏན་འགོག  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། 

རིམས་ནད་ལ་སྙིང་རྗེ་མེད་ནའང་མི་ཡུལ་དུ་བརྩེ་སེམས་ཡོད་དེ།  ཆོས་ལུགས་ཚོགས་པ་སོ་སོས་ཐེངས་མང་པོར་དྲོད་ཁོལ་སྟེར་བ་དང་བརྩེ་བ་འབུལ་དགོས་པའི་གྲོས་གཞི་བཏོན།  ཆོས་ལུགས་ལས་རིགས་ཀྱི་འཐུབ་ཚབ་མི་སྣ་མི་ཉུང་བ་ཞིག་གིས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་སྡེ་ཁག་ལ་རང་འགུལ་གྱིས་རེ་བ་ཞུས་ཏེ།  འགོག་སྲུང་གི་སྲིད་ཇུས་དང་བྱ་བའི་རེ་བ།  ཞལ་འདེབས་རྣམ་གྲངས་འདྲི་རྟོག་བྱས་ཤིང་།ལ་ལས་རྒྱ་གྲམ་དམར་པོའི་ཚོགས་པར་ཞལ་འདེབས་ཀྱི་དངོས་ཟོག་ཕུལ་བ་དང་།  ཡང་ལ་ལས་འགོག་སྲུང་བྱ་བར་དཀོན་པའི་དངོས་རྫས་དང་སྨན་དོན་མཁོ་རྫས་ཐག་གཅོད་བྱས་ཏེ།  ཧུར་ཐག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ལ།  སྐུ་འབུམ་བྱམས་པ་གླིང་དང་མཁར་ཤར་གྱི་དབྱི་སི་ལན་ཆོས་ཁང་ཆེན་མོ།  ཆུ་དམར་ལེབ་རྫོང་འབབ་དགོན་པ།  ཡུས་ཧྲུའུ་གྲོང་ཁྱེར་གྱི་སྐྱེ་རྒུའི་དོན་འགྲུབ་གླིང་།  ཅའོ་ཁྲང་སྲང་ལམ་གྱི་ཡེ་ཤུ་ཆོས་ལུགས་ལྷ་ཁང་།  བྱང་རིའི་ཐོག་བརྩེགས་ཁང་སོགས་དགོན་སྡེ་ལྷ་ཁང་དག་གིས་དྲིན་ལན་འཇལ་བ་དང་མི་རིགས་མཐུན་སྒྲིལ་གཙིགས་སུ་བཟུང་སྟེ།  ཟླ2པའི་ཚེས26ཉིན་བར་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁག་གིས་རིམ་རྩིས་བྱས་པ་ལྟར་ན་སྒོར་ཁྲི4168.5ཡི་ཞལ་འདེབས་སུ་ཕུལ། རོང་བོ་དགོན་པ་དང་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས།  འཁྱམ་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་།  བྱ་ཁྱུང་དགོན་པ་སོགས་ཀྱིས་བོད་ལུགས་སྲོལ་རྒྱུན་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱས་ནས།  བོད་སྨན་ཁང་དང་མཉམ་འབྲེལ་སྒོས་ནད་ཡམས་སྔོན་འགོག་གི་བོད་སྨན་བསུང་སྣོད་བཟོས་ཏེ།  རིན་མེད་ངང་མང་ཚོགས་ལ་བྱིན་ཏེ་རིམས་ནད་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་།  ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཁག་ཅིག་གིས་ནད་རིམས་སྔོན་འགོག་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་ཡོད་པའི་མི་སྣ་དག་ལ་འཐེན་ཐུག་དང་ཆུ་མོག་བསྐྱལ་བ་མ་ཟད།  ཁ་ཐུམ་དང་དུག་སེལ་བཤེར་ཁུ་སོགས་བསྐྱལ་ཏེེ།  “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་དུང་ཟབ་མོ་མཚོན་པར་བྱས།  །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།