ཞིང་ཆེན་སློབ་གསོ་ཐིང་གིས《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཕབ་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་ཚོགས་ཡུན་ནར་འགྱངས་བྱེད་རིང“སློབ་གྲྭ་ཚོགས་མཚམས་བཞག་ནའང་སློབ་མཚམས་མི་འཇོག་པའི”ལས་དོན་ཡག་པོ་བསྒྲུབ་པ་དང་། དྲ་རྒྱའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་དངོས་སུ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་འགོ་ཡག་པོར་འཚོག་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་ཕབ་བཟོ་བྱས་པའི《སློབ་གྲྭ་ཚོགས་འགོ་ཚུགས་པའི་སློབ་ཚན་དང་པོ》དངོས་སུ་ཕབ་གཏོང་བྱས་པ་རེད།

《སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི》མུ་འབྲེལ་ལེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིང་གིས་དྲ་ཐོག་སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་སློབ་གྲྭ་འབྲིང་ཆུང་གི་ཆེད་མཁས་པ་ཁག་ཅིག་དང་། དགེ་རྒན་ཆེན་མོ་དང་མཐོ་རིམ་དགེ་རྒན་ཁག་གཅིག་གདན་དྲངས་ནས་ཕབ་བཟོ་བྱས་པ་ཞིག་རེད། དེའི་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་པར་བཅར་འདྲི་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁྲིམས་སྦྱོང་མཛུབ་ཁྲིད་བཅས་ཀྱི་ཆེད་དོན་འཆད་ཁྲིད་ཁག་གསུམ་ཚུད་ཡོད་པ་དེ་དག་སྡེ་ཚན11ལ་དབྱེ་ནས་སྤྱིའི་ཆུ་ཚོད་སྐར་མ་150ཡོད་པ་རེད། ས་གནས་ཁག་གིས“སློབ་མཚམས་བཞག་ནའང་སློབ་མཚམས་མི་འཇོག་པའི”དྲ་ཐོག་སློབ་སྦྱོང་དང་དངོས་སུ་སློབ་འགོ་ཚུགས་སྐབས་སློབ་མ་སྒྲིག་འཛུགས་བྱས་ནས་ལྟ་རུ་འཇུག་གི་ཡོད་ལ། སློབ་ཁྲིད་ཀྱི་ཐོན་ཁུངས་དང་སློབ་ཆས་སུ་བརྩིས་ནས་རྒྱ་ཆེའི་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་སྐབས་འདེམས་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་པ་རེད། རིམ་ཁག་དམིགས་བསལ་སློབ་གྲྭའི་སློབ་མ་ལྟ་རྒྱུར་སྟབས་བདེ་ཡོང་ཆེད། ལེ་ཚན་ནང་ད་དུང་ལྐུགས་བརྡ་ཡང་ནང་བཞག་ཡོད་པ་རེད།

ལེ་ཚན་དེ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚིགས་དང་། མཚོ་སྔོན་གློག་འཕྲིནIPTVཡི་མཚོ་སྔོན་སློབ་གསོའི་འཕྲིན་ལམ། མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཅས་ནས་བལྟ་ཐུབ་པ་དང་འབྲེལ་ཕབ་ལེན་བྱ་ཐུབ།

ཞིབ་ཕྲའི་བལྟ་གནས་དང་ཕབ་ལེན་བྱེད་གནས་ནི། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚིགས་ནས་བལྟ་ཐུབ། དྲ་ཚུགས། http://jyt.qinghai.gov.cn/ཡིན།

མཚོ་སྔོན་གློག་འཕྲིནIPTVཡི་མདུན་ཤོག་ནས་མཚོ་སྔོན་སློབ་གསོའི་འཕྲིན་ལམ་གྱི་གཙོ་ངོས་བདམས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”སྒོ་ཕྱེ་ན་བལྟ་ཐུབ།

མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་བའི་ཞབས་ཞུའི་ལས་སྟེགས་ཀྱི་མདུན་ཤོག་དུ་རང་འཛུགས་ཐོན་ཁུངས་ཀྱི་ལེ་ཚན་མནན་ནས་བལྟ་བའམ་ཡང་ན་ཕབ་ལེན་བྱ་ཐུབ། དྲ་ཚུགས། http://www.qhedp.cn/ཡིན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།