མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2019)》ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤྱི་བསྒྲགས(2019)》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལས་མངོན་པར། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཀྱི་ནུས་པ་སྲ་བརྟན་དུ་ཕྱིན་པ། ཆུ་འགོའི་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ། རྩྭ་སའི་ཁྱབ་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་དང་བསྡུར་ན་སོ་སོར11%དང30%ཡན་འཕར་བ། སྐྱེ་ཁམས་ཀྱི་གནས་ཚུལ་སྤྱི་ཡོངས་ནས་བརྟན་ཆགས་ཡོང་བ་བཅས་ཀྱི་རྣམ་པ་མངོན་ཡོད་པས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཆགས་སྟངས་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། 

སྤྱི་བསྒྲགས་ལས་མངོན་པར། 2019ལོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་ལ་མངོན་གསལ་དོད་པོའི་ཕན་འབྲས་ཐོན་པས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་ཐེངས་གཉིས་པའི་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་ཁག15ལག་བསྟར་བྱས་ལ། ས་ནག་དང་གྲམ་ཐང་ཕྱོགས་བསྡུས་སྤྱི་ཆིང་ཁྲི1.4བཅོས་སྐྱོང་བྱས་ཤིང་། ན་འདམ་སྤྱི་ཆིང་ཁྲི3.33སྲུང་སྐྱོང་བཅས་བྱས་ཏེ་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྤྱི་ཆིང་ཁྲི62.67སྔོན་འགོག་ཚོད་འཛིན་ལེགས་གྲུབ་བྱུང་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་། ནགས་ལས་འཕེལ་རྒྱས་སྒྱུར་བཅོས། ཞིང་ལས་འཕེལ་རྒྱས། ཞིང་ལས་ཐོན་ཁུངས་ཁ་གསབ་སོགས་རིགས་ཁག་གི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.89དོན་འཁྱོལ་བྱས་པ་རེད།  

སྤྱི་བསྒྲགས་ལས་མངོན་པར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་སོགས་སྒྲིག་གཞིས་དཔྱད་དཔོག་བྱེད་སྐབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་བཙུགས་པ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་མཚོ་སྔོན་གྱི་ཉམས་མྱོང་བསགས་པ་དང་། དངོས་སུ་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ངོས་འཛིན་བྱས་པ་རེད། སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། སྲུང་སྐྱོང་བྱ་ཡུལ་གཙོ་བོ་སྲུང་སྐྱོང་དང་སླར་གསོ་སྔར་བས་ལེགས་པོ་བྱུང་བ་དང་། ཚོད་ལྟའི་ཁུལ་གྱི་སྡེ་ཁུལ་གྱི་གྲོང་མིའི་ཡོང་འབབ་བརྟན་ཆགས་ཀྱིས་འཕར་ལ། “དུད་ཚང་རེར་ལས་གནས་རེའི”སྲིད་ཇུས་ལག་ལེན་དུ་བསྟར་བས་འབྲོག་དམངས17211ལ་ལོ་གཅིག་གི་ཡོང་འབབ་སྒོར21600ལ་འཕར་བས་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།  

སྤྱི་བསྒྲགས་ལས་མངོན་པར། 2019ལོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་སོགས་ཆེད་དོན་བྱ་འགུལ་ཐེངས8སྤེལ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ས་ཁོངས61ལ་སྐོར་ཞིབ་བྱས་ལ། རང་བྱུང་ཐོན་ཁུངས་ཀྱི་སྲིད་འཛིན་གྱོད་གཞིར་གཏོར་བཤིག་བཏང་བའི་གྱོད་གཞི4ཐོ་འགོད་མྱུལ་ཞིབ་བྱས་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཁོངས་དང་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད། ཚན་རྩལ་ཐད་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དཔེ་མཚོན་སྔོ་ཁེབས་རིགས་གསུམ་ལ་དམིགས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་མཐོ་གྲང་རྩྭ་ཐང་དང་། མཐོ་གྲང་སྤང་ཐང་། ན་འདམ་ཅན་གྱི་སྤང་ལྗོངས་བཅས་ཡུན་རིང་ཚོད་ལྟའི་དཔེ་སྟོན་ཁུལ3བཙུགས་པ་དང་། དམར་ཕྱིའི་བརྒྱུད་ཚོར་སྒྲིག་ཆས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་གནས་སྟངས་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།