མཚོ་སྔོན་གྱིས་གནད་སྨིན་ཞབས་ཞུ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཏིང་ཏིང་ཏང་ཏང”གི་འཕྲུལ་ཙུའུ་ཞིབ་བཤེར་བཟོ་བཅོས་བྱེད་པའི་སྒྲ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོད་ཤུགས་ཐོན་ལས་གླིང་ནས་གྲགས་འོང་། ཉེ་ཆར། ལས་མི1061ཁག་ཐེངས་སོ་སོར་དབྱེ་ནས་ལས་ཡུལ་དུ་བསྐྱོད་དེ་ཆེས་མཐོ་གནོན་གྱི་ཕྱི་སྐྱེལ་རྟེན་གཞིའི་ལེ་ལག་ཚང་བའི་གློག་ཁུངས་ཀྱི་རྣམ་གྲངས་འོད་ཤུགས་ཆན་ཝ་ཁྲི220དང་ཆན་ཝ་ཁྲི135ཡི་རླུང་ཤུགས་གློག་གི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་འགོ་ཚུགས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པའི་རྨང་གཞིའི་འོག མཚོ་སྔོན་གྱིས་རིགས་ཁག་གི་ཆ་རྐྱེན་ཚང་བའི་རྣམ་གྲངས་དང་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྒྲིག་འཛུགས་སྐུལ་སློང་བྱས་པ་རེད།“རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་དམ་འཛིནཡག་པོ་བྱ་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐག་གཅོད་བཀོད་འདོམས་པུའི་བཀོད་འདོམས་པ་ཝང་ཅན་ཅུན་གྱིས་བརྗོད་པ་རེད།

ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྲིད་ཇུས་སྔོན་ལ་ལག་བསྟར་བྱེད་དགོས། ཟླ2པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱ་ཐབས》བཏོན་པ་དང་། རིགས་ཆེན་པོ6དང་ཕྱོགས27ཐད་ནས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བདེ་བླག་ཡོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་རེད། ཟི་ལིང་དང་། མཚོ་ནུབ། མཚོ་ཤར་སོགས་ས་ཁུལ་གྱིས་མགྱོགས་མྱུར་བྱ་ཐབས་དངོས་སྤྱད་དེ་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

ཟླ2པའི་ཚེས17ཉིན། ཟི་ལིང་གྲོང་ཁྱེར་གྱིས་སྤྱི་བསྒྲགས་བཀྲམ་སྟེ། རིགས་དབྱེ་ཁག་བགོས་ངང་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ལམ་རྒྱུད་ཀྱི་ཚོང་ཁང་ལས་གཉེར་སླར་གསོ་དང་གྲོང་མིའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་རྒྱུར་ཞབས་འདེགས་ཞུས་ཡོད། གཟའ་འཁོར་གཅིག་གི་རྗེས་སུ། ཟི་ལིང་གི་ཁྲོམ་རའི་ཚོང་གཉེར་དུད་ཚང8110ཡིས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བཙུགས་པ་མ་ཟད། འབྲས་དང་། གྲོ་ཞིབ། སྣུམ། ཤ སྒོ་ང་སོགས་རྒྱུན་གཏན་བཞིན་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ། མིག་སྔར། ཏི་ཚྭ་ལས་རིགས་ཡན་ལག་ཀུང་སི་ཚུད་པའི་ལས་འགོ་བཙུགས་ནས་ཐོན་སྐྱེད་བྱེད་མཁན་ཁེ་ལས49ཡོད་པ་དང་། ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད32%ཟིན་ཡོད། གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་བྱ་ཐབས་བཏོན་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་རིམས་ནད་སྔོན་འགོག་ཚོད་འཛིན། བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཞིབ་བཤེར་དང་ཐོ་འགོད་བརྒྱུད་རིམ་གཏན་འཁེལ་བཟོས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་འགྲོ་ལུགས་སྟབས་བདེ་རུ་དང་དུས་ཚོད་ཐུང་དུ་བཏང་ཡོད་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ལ་དམ་འཛིན་བྱས་ཤིང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས115ཡི་ཁྲོད་ཀྱི་ཁེ་ལས83ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད་པ་དང་། མཚོ་བོད་ས་ཁུལ་དུ་གཞི་ཚུགས་པའི་ས་མཐོའི་ཁེ་ལས་ཐན་ཡིའུ་ཏེ་ཕྱོགས་ཡོངས་ནས་འཁོར་རྒྱུག་སླར་གསོ་བྱེད་བཞིན་ཡོད་པ་དང་། ས་གནས་གཉིས་ཀྱི་ནས་ཆང་བཟོ་གྲྭ་3ལས་འགོ་བསྐྱར་འཛུགས་བྱས་ཏེ་ནས་ཆང་ཐོན་སྐྱེད་དང་ཁྲོམ་ར་གསར་སྤེལ་སོགས་ཀྱི་ལས་དོན་ཁག་རྒྱུན་ལྡན་བཞིན་སྤེལ་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།