ཐིན་ཅ་ཚེ་ཡིས་ཡུལ་ཤུལ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་བའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར། ཁྲི་འདུ་རྫོང་དུ་སོང་ནས་རིམས་ནད་སྔོན་འགོག་དང་ཆབ་སྲིད་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ནས་རྟོག་ཞིབ་དང་ལྟ་སྐུལ་འཛུབ་སྟོན་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ས་ཁུལ་དང་རིམ་པ་དགར་ནས་གནད་ཕིགས་ཇུས་བསྟར་བྱེད་པའི་རེ་བ་ལྟར་ལྷོད་གཡེང་མེད་པའི་སྒོ་ནས་ཚན་རིག་ལྟར་རིམས་ནད་སྔོན་འགོག་གི་བྱ་བ་དམ་འཛིན་བྱེད་པ་དང་རྣམ་གྲངས་གཙོ་བོ་དང་ཁེ་ལས་དང་ལས་ཀ་བསྐྱར་གཉེར། མི་དམངས་མང་ཚོགས་ཀྱི་འཚོ་བར་ཁག་ཐེག་ཡོད་པ། ལས་ཞུགས་ཁག་ཐེག་སོགས་ཀྱི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་པ་དང་ད་ལོའི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

 ཐིན་ཅ་ཚེ་སྔ་གཞུག་ཏུ་དཔལ་ཐང་གནམ་གྲུ་ཐང་དང་ཁུལ་མི་དམངས་སྨན་ཁང་། ཡུལ་ཤུལ་ཁུལ་རིམས་ནད་སྔོན་འགོག་ལྟེ་གནས། སྐྱེ་དགུ་དགོན་པ། མཐོ་ཚད་མཚོ་ངོས་ལས་སྟོང་བཞི་དང་བདུན་བརྒྱའི་ཁྲི་འདུ་རྫོང་གི་ཨན་པ་ལ་ཉག་ག་སོགས་སུ་འཐབ་ཕྱོགས་དང་པོའི་རིམས་འགོག་མི་སྣར་འཚམས་འདྲི་བྱས་ཏེ་རིམས་ནད་སྔོན་འགོག་གི་བྱ་བ་དང་ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ཀྱི་ཐད་ནས་རྒྱུས་ལོན་གཏིང་ཟབ་བྱས། ཁོས་བསྟན་དོན། རང་རེའི་ཞིང་ཆེན་དུ་བརྡ་ལན་རིམ་པ་དང་པོ་ནས་བརྡ་ལན་རིམ་པ་གསུམ་པར་བསྒྱུར་ཡོད་མོད་ཁེ་ལས་དང་སློབ་གྲྭ་ཚོགས་འགོ་བརྩམ་ལ་ཉེ་བའི་སྐབས་སུ་རིམས་ནད་སྔོན་འགོག་གི་བྱ་བ་སྔར་བཞིན་གཟབ་ནན་ཡིན། ཡུལ་ཤུལ་ཁུལ་ནི་མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས་སུ་གནས་པས་རིམས་འགོག་གི་འགན་འཁྲི་ཧ་ཅང་ལྕི། ལྷོད་གཡེང་གི་བསམ་པ་དོར་ནས་སྔར་ལས་གཟབ་ནན་དང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཁེ་ལས་དང་ཐོན་སྐྱེད་བསྐྱར་གསོའི་བྱ་བར་གཅིག་གྱུར་བཀོད་འདོམས་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།