ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་ཁྱིམ་བདག་ལ་བསྐུར་བའི་འཕྲིན་ཡིག་ཅིག

ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་ལ་བསྐུར་བའི་འཕྲིན་ཡིག་ཅིག

རྒྱ་ཆེ་བའི་ཁྱིམ་བདག་གྲོགས་པོ་རྣམ་པ།

སྐུ་ཁམས་བཟང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཐུགས་ཁུར་ཟབ་མོ་གནང་ནས། ང་ཚོར་ངེས་པར་དུ་རིམས་ནད་འགོག་ཟོན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྣམ་པར་རྒྱལ་དགོས་ལ། མཇུག་མཐའི་རྒྱལ་ཁ་མ་བླངས་ན་རང་དགར་ལེགས་འགྲུབ་བྱུང་སོང་མི་ཟེར་རྒྱུའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་ལྟར་འགོག་བཅོས་དང་གནད་འཁེལ་ཇུས་བསྟར་བྱས་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བརྟན་བརླིང་གིས་ཁ་གཏད་འཇལ་ཞིང་སྟོབས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས། འགོག་ཟོན་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་མྱུར་དུ་སླར་གསོ་འབྱུང་བཞིན་ཡོད། དེང་སྐབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭར་ཇི་ལྟར་གོ་རིམ་ལྡན་པར་ཚོགས་འགོ་བརྩམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་དུ་འཇུག་པ་ནི། ཚང་མས་ཧ་ཅང་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དེ་བས་ཀྱང་ཡིན།

བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་གོང་འཕེལ་འབྱུང་བར་བྱེད་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་དོན་དག་ཆེས་ཆེན་པོ་ཡིན་ལ། སློབ་གྲྭ་ཚོགས་འགོ་བརྩམ་ནས་སློབ་ཁྲིད་བྱེད་པ་ཡང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཡིན། ཕྱོགས་བསྡུས་ཀྱིས་བརྡར་གཅོད་དང་གཟབ་ནན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་ཟླ3པའི་ཚེས9ཉིན་ནས་བཟུང་རིམ་བཞིན་ས་ཁུལ་དང་རིམ་པ། གོང་འོག་བཅས་དགར་ཞིང་། སྔ་རྗེས་དང་དུས་ཚོད། དུས་མཚམས་བཅས་བསྣོལ་ནས་གོ་རིམ་ལྡན་པར་ཚོགས་འགོ་བརྩམ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སློབ་གྲྭ་དང་དགེ་རྒན་བཅས་ཀྱིས་ཁྱིམ་བདག་རྣམས་དང་མཉམ་དུ་བྱིས་པ་ཚོའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། སློབ་རའི་རིམས་ནད་འགོག་ཟོན་དེ་དཔྱིད་དུས་ཀྱི་སློབ་སྐབས་འགོ་བརྩམ་པའི་གཞི་རྩའི་སྔོན་འགྲོ་རུ་བརྩིས་ནས། འགན་འཁྲི་སྔར་ལས་དོན་འཁྱོལ་གྱིས་འགོག་སྲུང་དངོས་ཟོག་ཅ་ལག་དང་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་སྲུང་བཅས་དངོས་གནས་སློབ་གྲྭར་ཕྱོགས་པར་བྱས་ཏེ། སློབ་གྲྭས་རིམས་ནད་ལ་ཚོད་འཛིན་བྱེད་ཐུབ་པའི་སྔོན་འགྲོའི་འོག་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་སླར་གསོ་བྱེད་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་ལ་ནུས་ཤུགས་ཅི་ཡོད་ཀྱིས་ཁག་ཐེག་བྱས་ནས། སློབ་རའི་སྤྱི་ཐུན་འཕྲོད་བསྟེན་ཁོར་ཡུག་གི་ཚད་མཐའ་དམ་སྲུང་བྱ་ངེས།

བྱིས་པ་ནི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར། ཁྱིམ་ཚང་གི་མངགས་བཅོལ་བཅས་ཡིན་ལ། ཁྱིམ་བདག་རེ་རེ་ནི་བྱིས་པའི་དགེ་རྒན་ཆེས་བཟང་བོ་ཡིན་པས། ཁྱིམ་བདག་རྣམ་པས་རང་སའི་ཏང་ཨུ་དང་སྲིད་གཞུང་། སྡོད་ཁུལ། སློབ་གྲྭ། དགེ་རྒན་བཅས་དང་ལག་གདང་མཉམ་སྦྲེལ་གྱིས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱ་དགོས། ཁྱིམ་བདག་རྣམ་པས་ངེས་པར་དུ་རང་གི་འགོག་སྲུང་བཟང་བོར་བསྒྲུབ་པ་དང་མཉམ་དུ། སློབ་གྲྭར་གཞོགས་འདེགས་ཀྱིས་སློབ་གསོ་སློབ་ཁྲིད་དང་རིམས་ནད་འགོག་ཟོན་གྱི་བྱ་བ་བཟང་བོར་བསྒྲུབ་སྟེ། བྱིས་པ་ཚོའི་རང་སྲུང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས་ལ། འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཆགས་པར་བྱ་དགོས།

ཁྱིམ་བདག་གྲོགས་པོ་རྣམ་པ། ང་ཚོས་དཀའ་ངལ་མཉམ་སེལ་དང་བརྩོན་པ་མཉམ་བསྐྱེད་ཀྱིས་བདེ་ཐང་བདེ་འཇགས་དང་གོ་རིམ་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་མཉམ་དུ་བསྐྲུན་ནས། བྱིས་པ་རྣམས་ཀྱི་སྦྱངས་འབྲས་ལེགས་པ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་འགྲོ་ཞིང་། བདེ་ཐང་སྤྲོ་སྐྱིད་དང་སྐྱེ་སྟོབས་ཆེན་པོས་འཚར་ལོངས་འབྱུང་དུ་འཇུག་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་གིས།

2020ལོའི་ཟླ3པའི་ཚེས1ཉིན་ལ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།