ལིས་ཅེ་ཞང་གིས་ཁ་ཐུམ་ཐོན་སྐྱེད་མཁོ་འདོན་འགན་ལེན་བྱ་བའི་ཆེད་དོན་གྲོས་ཚོགས་སྟེང་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་འཛིན་བྱས་ནས། ཁ་ཐུམ་ཐོན་སྐྱེད་མཁོ་འདོན་འགན་ལེན་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཁ་ཐུམ་ཐོན་སྐྱེད་གནས་ཚུལ་སྙན་ཞུར་ཉན་ནས། གནད་དོན་འབུར་ཐོན་ཐག་གཅོད་པར་མཐུན་སྦྱོར་བྱས་ཏེ་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག ཁ་ཐུམ་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲུབ་པ་དང་། སྤུས་ཚད་ཀྱི་ཚད་མཐའ་བརྟན་པོ་སྲུང་བ། ཐོན་སྐྱེད་ཀྱི་ཚད་དང་ཐོན་འབབ་ཆེན་པོ་ཡོང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་ཀྱི་ལས་གཞི་བསྐྱར་འཛུགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། ཁ་ཐུམ་ཐོན་སྐྱེད་དང་མཁོ་སྤྲོད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པའི་འགན་ལེན་གལ་ཆེན་ཞིག་ཡིན། རང་རེའི་ཞིང་ཆེན་གྱི་ཁ་ཐུམ་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཕྱི་ཕྱོགས་ལ་བརྟེན་ཚད་མཐོ་བ་དང་རང་ཁ་རང་གསོའི་བྱེད་ནུས་ཞན་པ། ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་སློབ་གྲྭ་རིམ་པ་ལྟར་གོ་རིམ་ལྡན་པའི་ངང་སློབ་འགོ་བརྩམས་པ་ཡིན་ན། ཁ་ཐུམ་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་མིག་སྔའི་ཞིང་ཆེན་ཡོངས་ཀྱི་ཁ་ཚ་དགོས་གཏུགས་དང་གལ་ཆེ་ཤོས་ཀྱི་ལས་ཀ་རིགས་ཤིག་ཏུ་གྱུར་ཡོད། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཐོན་སྐྱེད་ཁེ་ལས་བཅས་ཀྱིས་འགན་འཁྲི་འཁུར་ཤུགས་སྔར་ལས་ཆེ་རུ་བཏང་ནས་ལས་ཡུན་དམ་འཛིན་དང་མྱུར་ཚད་དམ་འཛིན། གེགས་སེལ་བ། དམག་འཐབ་དྲག་པོ་རྒྱག་པ་བཅས་བྱས་ཏེ། མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་ཁ་ཐུམ་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་བཏང་ནས། མིག་སྔའི་དགོས་མཁོ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ཁ་ཐུམ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་ཡོངས་རྫོགས་སྐུལ་སློང་བྱ་རྒྱུར་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མི་མངོན་པའི་ནུས་ཤུགས་སྔོག་འདོན་གང་ཐུབ་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་ཁ་ཐུམ་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་སྐྱེད་མགྱོགས་མྱུར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱེད་དགོས། ཚད་གཞི་བཟོ་བ་དང་འབུ་ཕྲ་གསོད་པ། ཞིབ་བཤེར་ཞིབ་དཔྱད་ཚད་ལེན་བཅས་ཀྱི་གོ་རིམ་ཁག་ཤར་གཏོང་ཐུབ་པ་བྱས་ནས། བརྒྱུད་རིམ་ཧྲིལ་པོར་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་བདེ་འཇགས་དང་བློས་འགེལ་ཆོག་པ་དང་ཐོན་རྫས་གང་མགྱོགས་མཁོ་འདོན་ཐུབ་པར་འགན་ལེན་བྱེད་དགོས། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་མི་སྣ་ཆེད་མངགས་བྱས་ཏེ་བཅའ་སྡོད་བྱས་ནས་ཁེ་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་བུ་རྫི་ལྟ་བུའི་ཞབས་ཞུའི་མཛུབ་སྟོན་ལས་སྒོ་སྤེལ་ནས། ཁེ་ལས་ལ་མ་བཅོས་རྒྱུ་ཆ་དཀོན་པ་དང་ལག་རྩལ་དཀོན་པ། སྒྲིག་ཆས་དཀོན་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རོགས་བྱས་ཏེ། ཐོན་འབབ་འདང་ངེས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།